ཟླ་བ་ ༤ ཚེས ༩ ༢༠༡༩
Published By སྐལ་བཟང་རྒྱ་མཚོ།

ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༩ རེས་གཟའ་མིག་དམར། 

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༧ ཉིན་གྱི་སྔ་དྲོ་ཆ་ཏི་སི་གྷར་ Chhattisgarh མངའ་སྡེའི་སྲིད་སྐྱོང་ཨ་ནན་ཌི་བྷན་པ་ཊེལ་ Shrimati Anandiben Patel མཆོག་མན་སྤར་ཕན་བདེ་གླིང་བོད་མིའི་གཞིས་ཆགས་སུ་འཚམས་གཟིགས་གནང་ཡོད། 

དེ་ཡང་ཆ་ཏི་སི་གྷིར་མངའ་སྡེའི་སྲིད་སྐྱོང་ཨ་ནན་ཌི་བྷན་པ་ཊེལ་མཆོག་གོང་ཚེས་ཉིན་གྱི་སྔ་དྲོ་དྭགས་པོ་དགོན་པའི་ནང་ཕེབས་ཏེ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཞུགས་ཁྲི་རིན་ལ་མཇལ་དར་བསྒྲོན་ཡོད།

སྐབས་དེར་ས་གནས་ལྷ་མོ་ཚོགས་པ་དང་སློབ་ཕྲུག་རྣམས་ནས་བོད་ཀྱི་སྲོལ་རྒྱུན་གཞས་སྣ་གཟིགས་འབུལ་གྱི་ལམ་ནས་ཕེབས་བསུའི་སྣེ་ལེན་ཞུས། མངའ་སྡེའི་སྲིད་སྐྱོང་མཆོག་གིས་སློབ་ཕྲུག་ཚང་མར་མངར་ཆ་དང་ཤིང་ཏོག་གནང་སྟེ་ནང་པ་སངས་རྒྱས་པའི་ཆོས་ལུགས་ཀྱི་གལ་གནད་སྐོར་དང་། ས་གནས་གཞིས་ཆགས་ཀྱི་བོད་མི་ཚོ་དང་ཐུག་འཕྲད་བྱུང་བར་དགའ་ཚོར་བྱུང་བའི་སྐོར། དེ་སྔ་བོད་ནང་ཚར་གཅིག་བསྐྱོད་མྱོང་ཡོད་པ་དང་།

 

ཐེངས་འདིར་མན་སྤར་ཕན་བདེ་གླིང་བོད་མིའི་གཞིས་ཆགས་སུ་འཚམས་གཟིགས་གནང་བ་དེས་ཁོང་རང་ཉིད་ལ་སླར་ཡང་བོད་ནང་སླེབས་པ་ལྟ་བུའི་ཚོར་སྣང་བྱུང་སྐོར་སོགས་གསུངས། ཕྱོགས་མཚུངས་མངའ་སྡེའི་སྲིད་སྐྱོང་མཆོག་ས་གནས་གཞིས་ཆགས་ཀྱི་ཁྱིམ་ཚང་ཞིག་གི་ནང་བསྐྱོད་དེ་བོད་མིའི་འཚོ་བ་སྐྱེལ་སྟངས་ལ་རྒྱུས་ལོན་གནང་ཞིང་། དེ་བཞིན་རྒས་གསོ་ཁང་ལ་འཚམས་གཟིགས་སུ་ཕེབས་ཡོད། ས་གནས་གཞིས་ཆགས་དང་། ས་གནས་འགོ་འཛིན། ས་གནས་འཐུས་ཚོགས་ཐུན་མོང་གིས་སྲིད་སྐྱོང་མཆོག་ལ་སྟོན་པའི་སྐུ་ཐང་ཞིག་ལེགས་སྐྱེས་སུ་ཕུལ་ཡོད་པ་བཅས། །

Share with your friends










Submit