ཟླ་བ་ ༤ ཚེས ༡༢ ༢༠༡༩
Published By ngawang thokmey

༢༠༡༩ ཟླ་ ༤ ཚེས་ ༡༢ རེས་གཟའ་པ་སངས།

ཕྱི་ལོ་ ༢༠༡༩ ཟླ་ ༢ ཚེས་ ༢༧ ཉིན། བཞུགས་སྒར་དུ། པར་པ་ཆོས་འབྱོར་ལགས།

༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མགུལ་ཆམ་རྐྱེན་པས་སྙུང་གཞི་ཕྲན་བུ་བཞེས་ཏེ་ཟླ་འདིའི་ཕྱི་ཚེས་ ༩ ཉིན་གྱི་སྔ་དྲོར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་༸སྐུའི་འཕྲོད་བཞེས་བརྟག་དཔྱད་སླད་ཆིབས་སྒྱུར་བསྐྱངས་ཡོད་ཀྱང་ད་ཆ་སྐུ་གཟུགས་སྔར་བས་དྭངས་བསྐྱེད་ཐོག་སྨན་ཁང་ནས་བཞུགས་གནས་གསོལ་མགྲོན་ཁང་ Sheraton Hotel དུ་སྐུ་ངལ་གསོ་གནང་མཛད་བཞིན་ཡོད་སྐོར་ལྡི་ལི་སྐུ་ཚབ་དོན་གཅོད་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་གསར་འགྱུར་ལས་ཁང་གི་འགན་འཛིན་ཚེ་དབང་རྒྱལ་པོ་ཨཱརྱ་ལགས་ལ་གསུང་དོན།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཚེས་ ༩ ཉིན་བཞུགས་སྒར་ནས་ལྡི་ལིའི་མེག་སི་སྨན་ཁང་དུ་གློ་བུར་སྨན་པ་བསྟེན་གཏུགས་མཛད་དགོས་པའི་གནས་སྟངས་ཞིག་བྱུང་ཡོད་ཀྱང་ཉིན་གསུམ་བཞིའི་ནང་སྐུ་གཟུགས་དྭངས་སྐྱེད་ཡག་པོ་བྱུང་འདུག  སྐུ་གཟིམ་ཡག་པོ་དང་གསོལ་ཚིགས་དང་ག་ཡག་པོ་འདུག དེར་བརྟེན་དེ་རིང་ཕྱི་ཚེས་ ༡༢ གྱི་སྔ་དྲོ་ཆུ་ཚོད་ ༨ ཐོག་སྨན་ཁང་ནས་གསོལ་མགྲོན་ཁང་དུ་གདན་འདྲེན་ཞུས་ཡོད། ད་དུང་ཉིན་གཅིག་གཉིས་རིང་གསོལ་མགྲོན་ཁང་དུ་སྐུ་ངལ་གསོ་གནང་མཛད་རྒྱུ་རེད། 

སྤྱིར་མགོན་པོ་གང་ཉིད་ཀྱི་༸སྐུའི་འཕྲོད་བཞེས་དང་འབྲེལ་ཨ་རིའི་རླུང་འཕྲིན་ཁང་དང་ནོར་ཝེ་རླུང་འཕྲིན་ཁང་། དེ་བཞིན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་བཅས་བརྒྱུད་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གཞིས་བྱེས་བོད་མི་ཡོངས་ནས་ཐུགས་སྨོན་མཚམས་སྦྱོར་གནང་བར་བརྟེན་ཕན་ཐོགས་ཏན་ཏན་བྱུང་ཡོད་སྟབས་ཐུགས་རྗེ་ཆེ་མཛད་འདུག

ལྷག་པར་གོང་གི་རླུང་འཕྲིན་ལས་ཁང་གི་གསར་འགོད་པ་རྣམས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ Sheraton Hotel གསོལ་མགྲོན་ཁང་དུ་༸སྐུའི་འཕྲོད་བཞེས་ཐོག་བཅར་འདྲི་ཞུ་སྐབས་མགོན་པོ་གང་ཉིད་ད་ཆ་༸སྐུ་གཟུགས་དྭང་སྐྱེད་ཡག་པོ་ཡོད་སྐོར་བཀའ་ལན་སྩལ་འདུག དེར་བརྟེན་གཞིས་བྱེས་བོད་མི་གཙོ་བོར་གྱུར་བའི་འབྲེལ་ཡོད་ཚང་མར་ཐུགས་ཁྲལ་གནང་དགོས་མེད་སྐོར་བཀའ་སྩལ།

དེ་ཡང་ཨ་རིའི་རླུང་འཕྲིན་ཁང་གིས་ཕྱི་ཚེས་ ༡༢ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཞུགས་གནས་གསོལ་མགྲོན་ཁང་ནས་མགོན་པོ་མཆོག་ལ་བཅར་འདྲི་ཞུས་པའི་བརྙན་ཐུང་ཞིག་དྲ་ལམ་ཐོག་འཐོན་པ་ནང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་ལན་དང་སྦྲགས་གཞིས་བྱེས་བོད་མིས་གཙོས་འཛམ་གླིང་ཕྱོགས་མཐའ་ཀུན་ཏུ་གནས་པའི་འབྲེལ་ཡོད་ཚང་མར་བཀའ་སློབ་འདི་ལྟར་སྩལ་དོན།

“ངོས་རང་ཏོག་ཙམ་མི་བདེ་བ་བྱུང་ནས་སྨན་ཁང་དུ་ཡོང་སྐབས་བོད་ཕྱི་ནང་གང་སར་གནས་པའི་བོད་རིགས་ཙམ་མིན་པར་ངོས་ལ་མོས་པ་བྱེད་མཁན་ཧ་ལམ་ས་ཡ་མང་པོས་སྨོན་ལམ་བརྒྱབ་པ་དེ་འདྲ་བྱས་འདུག ཚང་མར་ཐུགས་རྗེ་ཆེ་ཟེར་གྱི་ཡིན། ཐོག་མའི་རྐྱེན་རྩ་དེ་དེ་སྔོན་རྡོ་རྗེ་གདན་དུ་ཆམ་རིམས་ལྟ་བུ་ཞིག་བྱུང་ནས་མི་བདེ་བ་བྱུང་བ་རེད། དེ་མ་དྲག་པར་བསྡད་འདུག དེ་རིང་འདིར་གློག་པར་བརྒྱབ་པ་སོགས་ཞིབ་འཇུག་མཐིལ་ཕྱིན་པ་བྱེད་སྐབས་གློ་བར་གཉན་ཁ་ཕྲན་བུ་འདུག་ཟེར་བྱུང་། འོན་ཀྱང་ནད་ངོ་འཕྲོད་སྐབས་སྨན་བཅོས་དེ་དག་བྱས་ནས་ད་ཆ་རྒྱུན་ལྡན་ལྟ་བུ་ཞིག་ཆགས་ཡོད།  ཧ་ཅང་ཡག་པོ་དྲག་འདུག ཁྱེད་རང་ཚོ་ཚང་མ་བློ་བདེ་པོ་བྱོས། ཁྱེད་ཚོ་ཚང་མས་སེམས་ཁུར་བླངས། སྨོན་ལམ་བརྒྱབ་བྱས་པ་དེར་ངོས་ཀྱིས་ཐུགས་རྗེ་ཆེ་ཟེར་གྱི་ཡིན། ཁྱེད་རང་ཚོས་དགེ་བ་བསགས་པ་དེ། འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་། །ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་ཏེ། དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཕྱིར། །དགེ་བ་དེ་དག་ཐམས་ཅད་རབ་ཏུ་བསྔོ།། ཞེས་གསུང་པ་ལྟར་ངོས་ཀྱིས་བསྔོ་བ་བྱ་རྒྱུ་ཡིན། ངོས་ཀྱི་ལུས་བདེ་ཐང་དང་ཚེ་ལའང་ཁྱེད་རང་ཚོས་བསམ་པ་རྣམ་དག་གིས་སྨོན་ལམ་བརྒྱབ་པ་དེས་ཏན་ཏན་ཕན་ཐོགས་བྱུང་ཡོད། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། “ཞེས་བཀའ་ལན་སྩལ། 

 

Share with your friends










Submit