ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༢༧ 

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༡༠ ནས་ ༡༢ བར་ཉིན་གྲངས་གསུམ་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ར་ཤཱི་ཡའི་དད་ལྡན་མི་མང་གིས་ཇི་ལྟར་གསོལ་བ་བཏབ་པ་བཞིན་བཞུགས་སྒར་གཙུག་ལག་ཁང་དུ་ “རྒྱུད་བླ་མའི་” གསུང་ཆོས་བཀའ་དྲིན་སྩལ་རྒྱུ་ཐུགས་གཏན་འཁེལ་བ་ལྟར། ཆོས་ཞུ་བ་ཡོངས་ཀྱིས་རྣམ་ཀུན་བཞིན་སྔོན་ཚུད་ནས་སོ་སོའི་ངོ་སྤྲོད་ལག་འཁྱེར་མཉམ་འཁྱེར་གྱིས་ཆོས་ཞུ་བའི་ཕྱག་འཁྱེར་བཞེས་དགོས། གལ་ཏེ་གསུང་ཆོས་ཕྱག་འཁྱེར་རྙིང་པ་ཡོད་ཚེ་ཨང་རྟགས་  (ID) དེའི་ཐོག་ཕྱག་འཁྱེར་གསར་པ་བཞེས་ཆོག

གསུང་ཆོས་ཕྱག་འཁྱེར་ཟླ་ ༤ ཚེས་ ༢༩ ཉིན་ནས་འབུལ་རྒྱུ་ཡིན།

གསུང་ཆོས་ཞུ་བར་ཕེབས་སྐབས་དད་ལྡན་ཆོས་ཞུ་བ་ཡོངས་ཀྱི་ན་བཟའ་ཚུལ་མཐུན་བཞེས་རྒྱུ་དང་། ཆོས་རའི་ནང་ཕྱག་དཔེ་དང་། མཆོད་ཞལ། བཞུགས་གདན་འཁྱེར་ཆོག་ཀྱང་། དགོས་མེད་ཀྱི་ལག་ཐོག་ཁ་པར་དང་པར་ཆས་སོགས་གློག་ཆས་རིགས་དང་། གྲི། རྩག་སྒྲ་སོགས་མཚོན་ཆ་རིགས་གསུང་ཆོས་རིང་བསྣམས་མི་ཆོག་པས་སྐབས་མཚམས་དོ་བདག་དང་འབྲེལ་ལས་བཅས་ཚང་མར་དཀའ་ངལ་མི་བྱུང་ཆེད་སྔོན་ཚུད་ནས་ཐུགས་སྣང་དང་འབྲེལ་ཕྱག་གྲུ་མཉམ་འདེགས་གནང་གལ། དེ་བཞིན་རྣམ་ཀུན་ལྟར་དོལ་རྒྱལ་བསྟེན་གསོལ་བྱ་མིའི་རིགས་གསུང་ཆོས་ལ་བཅར་མི་ཆོག་པ་བཅས༌དེ་དོན་ཚང་མས་དགོངས་འཇགས་ཡོང་བའི་བརྡ་ཐོར། བདེ་སྲུང་ལས་ཁུངས་ནས་ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༢༦ ལ།།

ཕྱག་འཁྱེར་འབུལ་ཡུལ།

མེག་གྷན་བདེ་སྲུང་ཡན་ལག་ལས་ཁུངས།

སྔ་དྲོ་ཚོུད་ ༩ ནས་ ༡ བར། ཉིན་རྒྱབ་ཚོུད་ ༢ ནས་ ༥ བར།

Share with your friends










Submit