ཟླ་བ་ ༤ ཚེས ༡༠ ༢༠༡༩
Published By བ་ར་ཡེ་ཤེས་ཀུན་གྲགས།

ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༡༠ རེས་གཟའ་ལྷག་པ།

 

༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མགུལ་ཆམ་རྐྱེན་པས་སྙུང་གཞི་ཕྲན་བུ་བཞེས་ཏེ་ཟླ་འདིའི་ཕྱི་ཚེས་ ༩ ཉིན་གྱི་སྔ་དྲོར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་༸སྐུའི་འཕྲོད་བཞེས་བརྟག་དཔྱད་སླད་ཆིབས་སྒྱུར་བསྐྱངས་ཡོད་ཀྱང་ཛ་དྲག་གི་གནས་སྟངས་རིགས་གང་ཡང་མེད་སྐོར་༸སྐུའི་ཕྱི་ལུགས་བླ་སྨན་པ་ས་འདུ་ཚང་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་གསུང་དོན། ༸སྐུ་མདུན་སྐུ་ཚད་རྒྱས་པ་དང་མགུལ་ཆམ་བཞེས་པ་ལྟ་བུ་འདུག་སྟབས། གཉན་ཁ་ཡོད་མེད་༸སྐུའི་འཕྲོད་བཞེས་བརྟག་དཔྱད་སླད་ལྡི་ལིར་ཆིབས་སྒྱུར་གནང་རྒྱུ་ཡིན་སྐོར་བཀའ་ཕེབས་བྱུང་། སྔ་དྲོར་སྨན་ཁང་དུ་བརྟག་དཔྱད་ཚང་མ་ལེགས་གྲུབ་བྱུང་སྟེ་སྐུ་གཟུགས་ཕྲན་བུ་མི་བདེ་བ་རྣམས་ཞི་ནས་ཕྱི་དྲོར་སྐུ་ལྷོད་ལྷོད་བཞུགས་ཡོད།
སྐུའི་སྙུང་གཞི་དེ་མགུལ་ཆམ་ལ་བརྟེན་ནས་གློ་ཚད་བྱུང་བ་ཡིན་འདུག་ཀྱང་། གློ་ཚད་རིམ་པ་མང་པོ་ཡོད་པའི་ནང་ནས་རིམ་པ་དམའ་ཤོས་དེ་ཡིན་པས་སྐུ་ཁམས་ཐོག་ལ་གློ་ཚད་དེ་ཤུགས་ཆེན་པོ་གང་ཡང་མི་འདུག འོན་ཀྱང་གཉན་འཇོམས་ཀྱི་གསོལ་སྨན་ཞིག་མཆོད་དགོས་སྟབས། ཉིན་ཤས་རིང་ལྡི་ལིར་བཞུགས་དགོས་པ་ལས་དེ་མིན་ཛ་དྲག་གི་གནས་སྟངས་གང་ཡང་མེད། ཅེས་གསུང་། །

Share with your friends










Submit