ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༢༦ རེས་གཟའ་མིག་དམར།
༄༅། །འདི་གར་ཨོ་སི་ཀྲི་ལི་ཡ་སྐུ་ཚབ་དོན་ཁང་ནས་བཏང་གནང་ནང་འཁོད་དོན། ཨོ་སི་ཀྲི་ལི་ཡ་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱིས་གོ་སྒྲིག་དང་། ས་གནས་སིད་ནི་བོད་རིགས་མཐུན་ཚོགས་ཀྱི་མཐུན་འགྱུར་གཞོགས་འདེགས་འོག ཨོ་སི་ཀྲི་ལི་ཡའི་ནང་བོད་ཀྱི་སྐད་ཡིག་ཡར་རྒྱས་གཏོང་ཕྱོགས་ཀྱི་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོ་དེ་བཞིན་ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༢༣ ནས་ ༢༤ ཉིན་གཉིས་རིང་སིད་ནི་གཟའ་མཇུག་བོད་ཡིག་སློབ་གྲྭ་རིག་གནས་སྐྱེད་ཚལ་ཁང་གི་ཚོགས་ཁང་དུ་བསྐོང་ཚོགས་གནང་ཡོད།
ཐེངས་འདིའི་ཚོགས་འདུར་སིད་ནི་དང་། མེལ་སྦོན། ཁེན་བྷེ་ར། སྦིལ་སི་སྦན། གནས་མཁར་གསར། དེ་བཞིན་ནོར་ཪྭ་དང་། ས་གནས་རི་སྔོན་པོ་བཅས་ནས་ས་གནས་བོད་རིགས་མཐུན་ཚོགས་སོ་སོའི་སྐུ་ཚབ་དང་། འབྲེལ་ཡོད་བོད་ཀྱི་སྐད་ཡིག་ལ་མཁྱེན་རྒྱ་ཆེ་ལ་ཡུན་རིང་གཟའ་མཇུག་བོད་ཡིག་སློབ་གྲྭ་ཁག་ཏུ་དང་བླངས་དགེ་རྒན་གནང་བཞིན་པ་སོགས་ཀྱི་ཆེད་ལས་པ་ལྔ་བཅུ་ལྷག་དང་། འདི་ག་ཨོ་སི་ཀྲི་ལི་ཡ་ཁུལ་གནས་བཞུགས་རང་རེའི་གནད་ཡོད་མི་སྣ་བཀའ་ཟུར་དང་དྲུང་ཟུར། སྤྱི་འཐུས་ལས་ཟུར། རྒྱལ་ཡོངས་ཚོགས་གཙོ་དང་བཅས་ཁྱོན་མི་གྲངས་ ༦༠ ལྷག་ཚོགས་ཞུགས་གནང་ཡོད།
དེ་ཡང་ཕྱི་ཚེས་ ༢༣ སྔ་དྲོ་ཆུ་ཚོད་ ༩ པའི་ཐོག་ཚོགས་འདུ་དངོས་སུ་དབུ་འཛུགས་ཞུས་ཡོད་པ་དང་། ཐོག་མར་སྐུ་ཚབ་དོན་གཅོད་ལྷག་པ་མཚོ་སྒོ་ལགས་ནས་༸རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེའི་སྐུ་མདུན་དུ་མཆོད་མེའི་ཞལ་ཁ་ཕྱེ་བསྟུན་སྐུ་མགྲོན་རྣམ་པས་རིམ་བཞིན་སྐུ་པར་ལ་མཇལ་དར་ཕུལ་བ་དང་། རིག་གནས་སྐྱེད་ཚལ་ཁང་གི་སློབ་ཕྲུག་ཁག་གཅིག་ནས་བོད་དང་ཨོ་སི་ཀྲི་ལི་ཡའི་རྒྱལ་གླུ་འབུལ་བ་དང་གསོལ་ཇ་འདེགས་འབུལ་ཞུས་གྲུབ་མཚམས་རྟེན་འབྲེལ་མཚོན་བྱེད་དུ་རིག་གནས་སྐྱེད་ཚལ་ཁང་གི་སློབ་ཕྲུག་ཁག་གཅིག་ནས་སྲོལ་རྒྱུན་བོད་ཀྱི་རིག་གཞུང་ཁག་གཉིས་འཁྲབ་སྟོན་ཞུས་པ་དང་།སྐུ་ཚབ་དོན་གཅོད་ལྷག་པ་མཚོ་སྒོ་ལགས་ནས་ནིའུ་སུའོ་ཋེ་ཝེའར་མངའ་སྡེའི་རིག་གཞུང་སྣ་མང་བློན་ཆེན་གྱི་བྱ་དགའ་རིམ་པ་དང་པོ་དང་གཉིས་པ་ཐོབ་མཁན། རིག་གནས་སྐྱེད་ཚལ་ཁང་གི་སློབ་ཕྲུག་ཚེ་རིང་སྐལ་ལྡན་ལགས་དང་། བསྟན་འཛིན་ཚེ་བརྟན་ལགས་གཉིས་ལ་མཇལ་དར་དང་གཟེངས་བསྟོད་ལེགས་གསོལ་གནང་།
དེ་ནས་སྐུ་ཚབ་དོན་གཅོད་ལྷག་པ་མཚོ་སྒོ་ལགས་ཀྱིས་བོད་ཀྱི་སྐད་ཡིག་ཚོགས་འདུ་འདི་ལྟ་བུ་ཞིག་བསྐོང་ཚོགས་གནང་དགོས་པའི་དམིགས་ཡུལ་དང་ཕུགས་ཀྱི་རེ་བ། དམིགས་བསལ་ད་ཐེངས་ཚོགས་འདུ་ཐོག་བོད་མིའི་སྒྲིིག་འཛུགས་ཤེས་རིག་བཀའ་བློན་འབུམ་རམས་པ་པདྨ་དབྱངས་ཅན་མཆོག་ནས་གནང་བའི་གསུང་འཕྲིན་ལྗགས་ཀློག་དང་འབྲེལ་དབུ་འབྱེད་ཀྱི་གསུང་བཤད་གནང་གྲུབ་མཚམས། དེ་རིང་ཚོགས་འདུར་འདིར་ཆེད་དུ་གདན་འདྲེན་ཞུས་པའི་ཁེ་ཎ་ཊར་གནས་བཞུགས་བོད་ཀྱི་ཤེས་ཡོན་སྲིད་བྱུས་སྐོར་འབུམས་རམས་པ་ལྕམ་མ་ཊི་བྷར་ན་སྦི་ Dr Mati Bernabel ལགས་ནས་རྒྱལ་སྤྱིའི་ཐོག་བོད་ཀྱི་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་སྐོར་ངོ་སྤྲོད་གསུང་བཤད་གནང་། དེ་ནས་སིད་ནི་གཙུག་ལག་སློབ་གྲྭ་ཆེན་མོའི་རིག་གཞུང་སྣ་མང་ཤེས་ཡོན་སྐོར་གྱི་སློབ་དཔོན་ཆེན་པོ་སྐུ་ཞབས་ཀེན་ཀུ་རུཀ་ཤེང་ Prof Ken Cruickshank མཆོག་ནས་ཨོ་སི་ཀྲི་ལི་ཡའི་རིག་གཞུང་སྣ་མང་གི་སྲིད་བྱུས་དང་། སྐད་ཡིག་སློབ་གྲྭ་བཙུགས་པར་ཐོབ་ཐང་གང་དང་གང་ཡོད་སྐོར་ངོ་སྤྲོད་གསུང་བཤད་གནང་མཚམས་དྲི་བ་དྲིས་ལན་དང་བཅས་པ་ལོ་ཙཱ་བ་ཆུང་ཚེ་རིང་ལགས་ནས་བོད་བསྒྱུར་ཞུས།
དེ་རྗེས་དོན་གཅོད་ནས་འབྲེལ་ཡོད་མཁས་དབང་རྣམ་གཉིས་ལ་ཐུགས་རྗེ་ཆེ་མཚོན་ཆེད་དུ་མཇལ་དར་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ལྗགས་རྩོམ་མཛད་པའི་དཔེ་དེབ་གཉིས་ལེགས་སྐྱེས་སུ་ཕུལ་མཚམས་ཚོགས་འདུའི་དབུ་འབྱེད་མཛད་སྒོ་དང་མཁས་དབང་ཁག་གི་གསུང་བཤད་ཀྱི་ལས་རིམ་ལེགས་པར་གྲུབ།
ཉིན་གུང་ཞལ་ལག་གི་རྗེས་སུ་སིད་ནི་དང་ཁེན་བྷེ་ར། མེལ་སྦོན། སྦིལ་སི་སྦན། གནས་མཁར་གསར། ནོར་རྭ། བཅས་བོད་རིགས་མཐུན་ཚོགས་ཁག་དྲུག་གི་གཟའ་མཇུག་བོད་ཡིག་སློབ་གྲྭའི་ལས་བསྡོམས་སྙན་སྒྲོན་དང་། སློབ་དེབ་རྩོམ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་ངག་དབང་རྡོ་རྗེ་ལགས་ནས་ཚོགས་ཆུང་གི་ལས་བསྡོམས་སྙན་སྒྲོན། རིག་གནས་སྐྱེད་ཚལ་ཁང་གི་སློབ་སྤྱི་ར་ལོ་དོན་ལྡན་ལགས་ནས་མི་རིགས་སྐད་ཡིག་སློབ་གྲྭའི་གོ་སྐབས་དམ་འཛིན་གནང་ཕྱོགས་སྐོར་ངོ་སྤྲོད་གསུང་བཤད་གནང་།
དེ་ནས་ཕྱེད་ཡོལ་ཆུ་ཚོད་ ༣ ནས་ ༦ བར་ཚོགས་བཅར་བ་ཡོངས་ཚོགས་ཆུང་ཁག་གསུམ་དུ་བགོས་ཏེ། འབྲེལ་བརྗོད་གཞི་ཐོག་བགྲོ་གླེང་དང་། དགོངས་འཆར་ཁག་སྤུངས་ཏེ་ཚོགས་ཆུང་སོ་སོའི་གྲུབ་དོན་སྙན་ཐོ་ཡིག་ཐོག་ཏུ་གཏན་འབེབས་ཞུས།
ཕྱི་ཚེས་ ༢༤ རེས་གཟའ་ཉི་མ་དང་། ཚོགས་འདུ་ཉིན་གཉིས་པའི་སྔ་དྲོ་ཆུ་ཚོད་ ༩ ཐོག་ཚོགས་ཆུང་ཁག་གསུམ་གྱི་ཚོགས་གཙོ་ནས་ཚོགས་ཆེན་ཐོག་ཚོགས་ཆུང་སོ་སོའི་གྲུབ་དོན་སྙན་ཐོ་སྙན་སེང་དང་འབྲེལ། དོགས་འདྲི་དང་དགོངས་འཆར་ཁག་ཕེབས་པར་ལན་འདེབས་གསལ་བཤད་དང་། ཆད་ལུས་ཤོར་བ་ཁག་ཁ་བསྐོངས་གནང་གྲུབ་བསྟུན་ཚོགས་ཆུང་ཁག་གི་ཚོགས་གཙོ་དྲུང་ཆེ་དང་། དོན་ཁང་གི་ལས་བྱེད་བཅས་ཀྱིས་གྲུབ་དོན་སྙན་ཐོ་ཁག་གཞིར་བཟུང་ད་ཐེངས་ཚོགས་འདུའི་མཐའ་མའི་གྲོས་ཆོད་རགས་ཟིན་འགོད་པ་དང་། ཚོགས་བཅར་བ་གཞན་རྣམས་རང་མོས་བགྲོ་གླེང་གི་ངོ་བོར་བར་གསེང་བཞག
དེ་ཡང་གོང་ཚེས་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༢ ཐོག་ཚོགས་ཞུགས་པ་རྣམས་སླར་ཡང་ཚོགས་ཁང་དུ་འཛོམས་ཏེ་ཚོགས་ཆུང་གཉིས་པའི་ཚོགས་གཙོ་ཆུང་ཚེ་རིང་ལགས་དང་། ཚོགས་ཆུང་དང་པོའི་ཚོགས་དྲུང་ངག་དབང་རྡོ་རྗེ་ལགས་རྣམ་གཉིས་ནས་ཚོགས་འདུའི་གྲོས་གཞི་གྲོས་ཆོད་རགས་ཟིན་ཚོགས་ཆེན་ཐོག་སྙན་སྒྲོན་ཞུས་པ་དང་འབྲེལ། དོན་ཚན་རེ་རེ་བཞིན་སྤྱི་མོས་དང་མང་མོས་ཅི་རིགས་ཐོག་གཏན་འབེབས་ཞུས་རྗེས། འབྲེལ་ཡོད་སྐུ་མགྲོན་རྣམས་པས་རིམ་པ་བཞིན་བླང་དོར་གྱི་བཀའ་སློབ་གནང་བ་དང་། མཐར་སྐུ་ཚབ་དོན་གཅོད་ལགས་ནས་མཇུག་སྡོམ་གསུང་བཤད་གནང་སྟེ་ཚོགས་འདུ་རྒྱལ་ཁའི་ངང་གྲོལ་ཡོད།
སྤྱིར་ཐེངས་འདིའི་རྒྱལ་ཡོངས་ཚོགས་ཆེན་ཐོག་ཚོགས་ཞུགས་པ་རྣམ་པས་བོད་ཀྱི་སྐད་ཡིག་ཡར་རྒྱས་གཏོང་ཕྱོགས་སྐོར་དགོངས་འཆར་ལྷུག་པོ་གནང་སྟེ། གྲོས་ཆོད་ནང་ས་གནས་བོད་རིགས་མཐུན་ཚོགས་དང་ཕ་མ་ཚོའི་ངོས་ནས་གནང་དགོས་པའི་དོན་ཚན་ ༡༣ དང་། སྐུ་ཚབ་དོན་གཅོད་ལས་ཁུངས་ནས་གནང་དགོས་པའི་དོན་ཚན་ཁག་ ༤ ། དབུས་བོད་མིའི་སྒྲིག་འཛུགས་ལ་རེ་བསྐུལ་ཞུ་སྟེ་གནང་དགོས་པའི་དོན་ཚན་ཁག་ ༣ བཅས་ཀྱི་གྲོས་ཆོད་གཏན་འབེབས་གནང་ཡོད་པ་དང་། ཚོགས་འདུའི་བརྗོད་གཞི་གཉིས་པ་ཨོ་སི་ཀྲི་ལི་ཡའི་རིག་གཞུང་སྣ་མང་གི་ཤེས་ཡོན་སྲིད་བྱུས་འོག་ཐོབ་ཐང་ཇི་ཡོད་ཐོབ་ཐབས་སྐོར་ས་གནས་བོད་རིགས་མཐུན་ཚོགས་ཀྱི་གནང་དགོས་པ་དོན་ཚན་ཁག་ ༤ དང་། དབུས་བོད་མིའི་སྒྲིག་འཛུགས་དང་སྐུ་ཚབ་དོན་གཅོད་ལས་ཁུངས་སུ་རེ་བསྐུལ་ཞུ་དགོས་པའི་དོན་ཚན་ ༡ བཅས་གྲོས་ཆོད་ཁག་གཏན་འབེབས་ཞུས་ཡོད།
ཚོགས་འདུའི་ཐོག་ཚོགས་ཞུགས་པ་ཚང་མས་ད་ཐེངས་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་ཚོགས་ཆེན་འདི་ལྟ་བུ་ཞིག་གོ་སྒྲིག་གནང་བ་དང་། ས་གནས་སིད་ནི་བོད་རིགས་མཐུན་ཚོགས་ཀྱི་མཐུན་འགྱུར་གནང་བར་མགྲིན་དབྱངས་གཅིག་གྱུར་གྱིས་བསྔགས་བརྗོད་གནང་བ་མ་ཟད། འདི་ལྟ་བུའི་ཚོགས་འདུ་ལོ་རེར་ཐེངས་རེ་འཚོགས་དགོས་རྒྱུ་གལ་ཆེར་རྩིས་ཏེ། ལོ་རྗེས་མའི་ཚོགས་འདུ་དེ་མུ་མཐུད་སིད་ནི་བོད་རིགས་མཐུན་ཚོགས་ཀྱིས་མཐུན་འགྱུར་འོག་སིད་ནིར་འཚོགས་རྒྱུ་དང་། ས་གནས་སོ་སོའི་ཚོགས་བཅར་བ་རྣམས་ཀྱི་འགྲོ་གྲོན་ས་གནས་སོ་སོས་གཏོང་རྒྱུའི་ཐག་གཅོད་ཀྱང་གནང་ཡོད་པ་བཅས། །