ཟླ་བ་ ༣ ཚེས ༡༥ ༢༠༡༩
Published By ngawang thokmey
༢༠༡༩ ཟླ་ ༣ ཚེས་ ༡༤ རེས་གཟའ་ཕུར་བུ།

 

ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༢ ཉིན།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༢ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་བཞེད་གཞི་རྩར་བཟུང་ནས་བདེ་སྐྱིད་སྐྲུན་ཐབས། Happiness Curriculum ཞེས་པའི་སློབ་ཚན་གསར་པ་ཞིག་རྒྱ་གར་རྒྱལ་ས་ལྡི་ལིའི་གཞུང་གི་སློབ་གྲྭ་གྲངས་ ༡༡༠༠ ནང་སློབ་འཁྲིད་གནང་འགོ་བཙུགས་ནས་ད་བར་ཟླ་བ་ ༨ ཙམ་རིང་སྔོན་འགྲོ་ནས་འཛིན་རིམ་བརྒྱད་པའི་བར་གྱི་སློབ་ཕྲུག་ཚོར་སློབ་འཁྲིད་གནང་འདུག   སློབ་ཚན་དེ་ལ་བརྟེན་ནས་སློབ་ཕྲུག་ཚོར་བཟང་ཕྱོགས་ཀྱི་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་འདུག དེ་ཡང་གནས་ཚུལ་དེའི་སྐོར་ ༢༠༡༩ ཟླ་ ༣ ཚེས་ ༡༣ ཉིན་རྒྱ་གར་དུས་བབ་གསར་ཁང་གིས་གནས་ཚུལ་ Happiness course a hit in Delhi govt schools སྤེལ་བའི་ནང་འཁོད། 

དེ་ཡང་ཕྱི་ལོ་ ༢༠༡༩ ཟླ་ ༡ ནང་ལྡི་ལི་མངའ་གཞུང་གི་ཤེས་ཡོན་སློབ་སྟོན་ཚོགས་ཆུང་ལྷན་ཚོགས་སྐབས། ལྡི་ལི་མངའ་གཞུང་གི་སྤྱི་ཁྱབ་བློན་ཆེན་གཞོན་པ་སྐུ་ཞབས་མ་ནིཤ་སི་སོ་ཌི་ཡ་ Manish Sisodia མཆོག་གིས་འབྱུང་འགྱུར་རྒྱལ་སའི་མངའ་ཁུལ་གྱི་འཛིན་རིམ་ ༡ ནས་ ༥ བར་གྱི་སློབ་གྲྭ་གྲངས་ ༡༤༠༠ ཡོད་པ་དེ་དག་ལའང་བདེ་སྐྱིད་སྐྲུན་ཐབས་ཀྱི་སློབ་ཚན་སློབ་འཁྲིད་གནང་འཆར་ཡོད་པ་གསུང་འདུག  དེ་ཡང་ལྡི་ལི་གཞུང་གིས་གསུང་པ་ལྟར་ན། སློབ་ཚན་དེ་དག་ལ་བརྟེན་ནས་སློབ་ཕྲུག་ཚོས་གཞན་གྱི་བདེ་སྡུག་ལ་བསམ་ཤེས་བྱེད་སྟངས་ཡར་རྒྱས་ཕྱིན་པ་དང་།  འགན་ཁུར་གྱི་བསམ་བློ་ཤུགས་ཆེ་རུ་སོང་བ། རྐུ་མ་མི་བརྐུ་བ།  བྱིས་པ་ནང་ཁུལ་མི་མཐུན་པ་རྣམས་རྒྱུ་མཚན་དང་བཟང་ཕྱོགས་ཀྱི་བསམ་བློའི་ཐོག་ནས་སེལ་ཐབས་བྱེད་པ་མ་ཟད།  སློབ་ཕྲུག་ཚོའི་རྒྱུན་ལྡན་བསམ་བློ་གཏོང་སྟངས་དེའང་ཕྲན་བུ་བློ་རྣལ་དུ་བབ་པ་ཆགས་ཡོད་སྐོར་གསུངས།

ཕྱོགས་མཚུངས་སློབ་གྲྭའི་འབྲེལ་ཡོད་ཚོས་བརྗོད་པ་ལྟར་ན།  དྲན་པ་ཉེར་བཞག་སྐོར་བྱིས་སྒྲུང་དང་སྦྱར་ནས་སློབ་སྟོན་བྱ་རྒྱུ་ཙམ་མ་ཟད།  ལས་རིགས་འདྲ་མིན་བརྒྱུད་ཕྲུ་གུའི་བསམ་བློ་གཏོང་སྟངས་ལ་བཟང་ཕྱོགས་ཀྱི་ཤུགས་རྐྱེན་སྤྲོད་ཐབས་གནང་བ་སོགས་ལ་བརྟེན་ནས་ད་ཆ་སློབ་ཕྲུག་ཚོས་དགེ་རྒན་དང་མཐུན་འབྲེལ་ཇེ་ལེགས་སོང་བ་མ་ཟད།  འཛིན་གྲྭའི་ནང་བགྲོ་གླེང་ཆ་ཤེས་ལེན་རྒྱུ་དེ་སྔ་ལས་ཤུགས་ཆེ་བ་དང་། འཛིན་གྲྭར་གཡོལ་མཁན་ཇེ་ཉུང་དུ་སོང་བར་བརྟེན་ འཛིན་གྲྭའི་འབྱོར་ཐོའི་གྲངས་ཚད་འཕར་ཡོད་སྐོར་གསུངས། 

  

Share with your friends










Submit