Published By བ་ར་ཡེ་ཤེས་ཀུན་གྲགས།

ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༡༦ རེས་གཟའ་སྤེན་པ།


༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོ་མཆོག་གིས་རྩིས་ལོ་ ༢༠༡༩༌༌༌༢༠ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་ལོ་འཁོར་སྔོན་རྩིས་ཐོག་སྤྱི་འཐུས་ལྷན་ཚོགས་ཀྱི་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་མི་འགྲོར་སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས་དང་། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས། སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་ལགས།  སྤྱི་འཐུས་ཀརྨ་དགེ་ལེགས་ལགས། སྤྱི་འཐུས་མི་འགྱུར་རྡོ་རྗེ་ལགས་བཅས་སུ་བསྐོ་གཞག་གནང་བ་བཞིན།

ཕྱི་ལོ་ ༢༠༡༩ ཟླ་ ༢ ཚེས་ ༢༥ ཉིན་ཚོགས་ཆུང་ལྷན་འཛོམས་ཀྱིས་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ཚོགས་ཆུང་གི་ཚོགས་གཙོ་དང། སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས་ཚོགས་ཆུང་གི་དྲུང་ཆེར་སྤྱི་མོས་བྱུང་རྗེས། ལས་དོན་དབུ་འཛུགས་ཀྱིས་ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༡༥ བར་ལས་ཉིན་གྲངས་ ༡༦ ཙམ་རིང་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་ཁྱབ་ཁོངས་དང་བཅས་པའི་རྩིས་ལོ་ ༢༠༡༩༌༌༌༢༠ ལོའི་སྔོན་རྩིས་ལ་བཀའ་ཤག་གི་རྒྱབ་གཉེར་གནང་བའི་ཡིག་ཆ་ཡོངས་ལ་ཞིབ་འཇུག་ནན་ཏན་གནང་སྟེ་ཤོག་གྲངས་ ༡༢ ཅན་གྱི་ལས་དོན་སྙན་ཐོ་ཕྱི་ཚེས་ ༡༥ ཉིན་ཚོགས་དྲུང་ལས་ཁུངས་སུ་ཕུལ་གནང་བ་དང་། གྲོས་ཚོགས་ཚོགས་དུས་ ༧ པའི་ཐོག་སྙན་སྒྲོན་གནང་རྒྱུ་ཡིན་པ་བཅས། །

Share with your friends










Submit