ཟླ་བ་ ༣ ཚེས ༡༠ ༢༠༡༩
Published By ngawang thokmey

༢༠༡༩ ཟླ་ ༣ ཚེས་ ༡༠ རེས་གཟའ་ཉི་མ།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༡༠ ཉིན་ཐེ་ཝན་དང་ཨོ་སི་ཊོ་ལི་ཡ། ཨ་རི། ཡུ་རོབ།  རྒྱ་ནག་སྐམ་ས་བཅས་ནས་རྒྱ་རིགས་ཕོ་མོ་ཁག་གཅིག་བོད་མིའི་གསུམ་བཅུའི་དུས་དྲན་ཐེངས་ ༦༠ སྲུང་བརྩི་ཞུ་རྒྱུའི་མཛད་སྒོར་མཉམ་ཞུགས་གནང་ཡོད།  དེ་ཉིན་རྒྱ་རིགས་དེ་དག་ལ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་མཇལ་ཁ་དང་སྦྲགས་བཀའ་སློབ་སྩལ་དོན།

ཁྱེད་རང་ཚོ་ཚང་མར་དགའ་བསུ་ཡོད། འདིར་ངོས་རང་ལོ་ངོ་དྲུག་ཅུ་ཕྱིན་པ་རེད། ངོས་རང་སྡོད་སའི་ནང་ལྟ་བུ་ཆགས་ཡོད། ཕྱོགས་གཅིག་ནས་བཙན་བྱོལ་བ་ཆགས་པ་འདི་སེམས་སྐྱོ་པོ་ཞིག་རེད། ཕྱོགས་གཞན་ནས་རྒྱ་གར་ལ་མཚོན་ན་ལོ་རྒྱུས་ཐོག་ནས་ང་ཚོ་དང་འབྲེལ་བ་ཧ་ཅང་ཡོད་ཅིང་རང་དབང་ལུང་པ་རེད། དེ་འདྲའི་ཐོག་ནས་ངོས་རང་འདིར་བཙན་བྱོལ་བ་ཆགས་ནས་མི་མང་པོ་ཞིག་དང་ཐུག་རྒྱུ་ཡོད་པ།  བགྲོ་གླེང་བྱ་རྒྱུ་ཡོད་པ་དེ་འདྲའི་ཐོག་ནས་ངོས་རང་བཙན་བྱོལ་བ་ཆགས་ཡོད་ཀྱང་བསམ་བློ་ཞིག་གཏོང་སྐབས་བཙན་བྱོལ་བའི་མི་གོ་ཆོད་པ་ཞིག་རེད། 

རྒྱ་གར་དུ་སླེབས་ནས་ཆོས་ལུགས་འདྲ་མིན་གྱི་དབུ་ཁྲིད་དང་མི་སྣ་དེ་འདྲ་མང་པོ་ཞིག་ཐུག་གི་ཡོད། ཕན་ཚུན་བགྲོ་གླེང་བྱ་རྒྱུ་དང་ལྷག་པར་གལ་ཆེ་བ་ཞིག་ནི་ཚན་རིག་པ་དང་ཐུག་རྒྱུ་རེད། ད་ཆ་ཧ་ལམ་ལོ་ངོ་བཞི་བཅུ་ཙམ་རིང་ཚན་རིག་པ་མང་པོ་ཞིག་ཐུག་ནས་ང་ཚོ་གོ་བསྡུར་བྱེད་ཀྱི་ཡོད། ཉེ་ལམ་ང་ཚོས་ཐེ་ཝན་ནས་རྫས་འགྱུར་རིག་པའི་ཚན་རིག་པ་དང་ཐུག་པ་རེད། ཁོང་གིས་ལོ་བརྒྱད་ཅུ་ཙམ་ནང་འཛམ་གླིང་ཚ་དྲོད་ཆེ་རུ་ཕྱིན་པའི་རྐྱེན་གྱིས་འགྱུར་བ་ཧ་ཅང་འགྲོ་རྒྱུ་ཡིན་པ་བཤད་སོང་།

དེར་བརྟེན་ངོས་རང་སྐབས་དེར་བསམ་བློ་ཞིག་འཁོར་བྱུང་།  ད་ཆ་ངོས་རང་ལོ་བརྒྱད་ཅུའི་ནང་སླེབས་ཡོད། མ་འོངས་པར་ལོ་བརྒྱད་ཅུའི་མཚམས་སུ་འགྱུར་བ་འགྲོ་རྒྱུ་ཡིན་སྐོར་བརྗོད་པ་དེར་སེམས་འཁྲལ་བྱེད་དགོས་པ་གང་ཡང་མི་འདུག འདིར་ཁྱེད་རང་ཚོ་ཕྲུ་གུ་དེ་དག་ཕལ་ཆེར་ཚེ་ཚད་ལོ་བརྒྱད་ཅུ་དགུ་བཅུའི་བར་བསྡད་པ་ཡིན་ན་ཁྱེད་རང་ཚོའི་འཛམ་གླིང་ནང་ཁོར་ཡུག་གི་དཀའ་ངལ་ཧ་ཅང་འཕྲད་རྒྱུའི་བཟོ་ལྟ་ཞིག་ཡོད།   ཚན་རིག་པ་དང་ཐུག་སྐབས་བློ་སྐྱེད་ཧ་ཅང་ཡོང་གི་འདུག ང་ཚོའི་ངོས་ནས་ཚན་རིག་པར་རྒྱ་གར་གནའ་རབས་ཀྱི་སེམས་ཁམས་རིག་པ་དང་ཚད་མ་རིག་པ། ཚད་རྡུལ་དངོས་ཁམས་རིག་པའི་རྣམ་གཞག་དེ་དག་ཐོག་ཕར་བློ་སྐྱེད་སྤྲོད་རྒྱུ་ཡོད་པ། ཚན་རིག་པའི་ཐོག་ནས་གནས་ཚུལ་ཚུར་ཤེས་རྒྱུ་ཡོད་པ་བྱས་ནས་ཕན་ཐོགས་ཧ་ཅང་ཡོང་གི་འདུག  ཕན་ཚུན་སློབ་སྦྱོང་བྱ་རྒྱུ་ཡོད་པ་ལྟ་བུ་ཧ་ཅང་ཡག་པོ་འདུག 

ང་ཚོ་འདིར་བོད་མི་བཙན་བྱོལ་བ་འབུམ་གཅིག་ཙམ་ཡོད། དེ་དག་གིས་སོ་སོའི་ཆོས་དང་རིག་གཞུང་། སྐབས་དེར་རྒྱ་གར་གྱི་སྲིད་བློན་པཎྜི་ཏ་ནེ་རུ་མཆོག་ལ་སྐྱབས་འཇུག་ཞུས་ནས་བོད་པའི་སློབ་གྲྭ་ཟུར་དུ་བཙུགས་ཡོད། ཐེ་ཝན་ནས་ཀྱང་རྒྱབ་སྐྱོར་ཧ་ཅང་བྱས་ཡོད། བོད་མིའི་བཙན་བྱོལ་བའི་ཚོགས་པ་ཧྲ་ཏག་ཏག་གཅིག་ཚུགས་ཡོད། ང་ཚོ་བཙན་བྱོལ་དུ་ཕྱི་ལོ་ ༡༩༥༩ ལོར་སླེབས་པ་རེད།   ཕྱི་ལོ་ ༡༩༦༠ ཐམ་པའི་ལོ་ནས་མང་གཙོའི་ལས་འགུལ་འགོ་བཙུགས་ཡིན། ཕྱི་ལོ་ ༡༩༦༠ ཙམ་ནས་ངོས་ཀྱིས་ཆབ་སྲིད་ལས་ཀ་བཞག་པ་རེད། མི་མང་གིས་མང་གཙོའི་ལམ་ནས་འོས་འདེམ་བྱ་རྒྱུ་བྱས་པ་རེད། དེ་ནས་ཐོག་མར་ཟམ་གདོང་རིན་པོ་ཆེས་ལོ་བཅུ་གནང་བ་རེད།

ཕྱི་ལོ་ ༢༠༡༡ ལོ་ནས་བློ་བཟང་སེངྒེ་ལགས་ཀྱིས་བྱས་ནས་ང་ཚོ་འདིར་བཙན་བྱོལ་བ་ཉུང་ཤས་ཤིག་ཡིན་ནའང་ཆབ་སྲིད་དེ་འདྲའི་ཐོག་ནས་བཤད་པ་ཡིན་ན་མང་གཙོ་ཚད་ལོངས་པ་ཞིག་བྱེད་བཞིན་ཡོད།  ང་ཚོར་དཔག་ཚོད་ཀྱི་ཁྲིམས་ཞིབ་ལྷན་ཁང་ཟུར་དུ་ཡོད། གྲོས་ཚོགས་ཟུར་དུ་ཡོད། དེ་ནས་འཛིན་སྐྱོང་བྱས་ནས་མང་གཙོའི་ཀ་བ་གསུམ་ཚགས་ཚུད་ཐག་ཆོད་ཡོད། མི་གྲངས་ཉུང་ངུ་ལས་མེད། ཁྱེད་རང་ཚོ་ཐེ་ཝན་དངོས་གནས་དྲང་གནས་མང་གཙོའི་སྒང་འགྲོ་བཞིན་ཡོད། ང་ཚོའང་བཙན་བྱོལ་བ་ཉུང་ངུ་ལས་མེད་ཀྱང་མང་གཙོའི་སྒང་ལ་འགྲོ་བཞིན་ཡོད། གང་ལྟར་རྒྱ་ནག་སྐམ་ས་ཆེན་མོ་དང་བསྡུར་བ་ཡིན་ན་ང་ཚོ་མང་གཙོའི་སྒང་ལ་སླེབས་ཡོད། སྐམ་ས་ཆེན་མོར་ད་དུང་ཡང་མང་གཙོ་མེད།  རྒྱ་མིས་ད་ལྟའང་ཏཱ་ལ་ཁ་བྲལ་བ་ཟེར་བཞིན་ཡོད། དངོས་ཡོད་གནས་སྟངས་ཐོག་ནས་བཤད་པ་ཡིན་ན། ཕྱི་ལོ་ ༡༩༧༤ ལོ་ནས་ང་ཚོས་འཛམ་གླིང་རྒྱལ་ཚོགས་ལ་ཞུ་རྒྱུ་མིན། སྔ་ཕྱི་མ་གཏོགས་རྒྱ་ནག་གཞུང་དང་སྐད་ཆ་བཤད་རྒྱུ་རེད། དེར་བརྟེན་ང་ཚོས་རང་བཙན་བཤད་ཡག་མིན། རྒྱ་ནག་གི་རྩ་ཁྲིམས་ནང་འཁོད་པའི་ཐོབ་ཐང་དེ་དག་བོད་ཀྱི་ས་ཁུལ་ཡོངས་རྫོགས་ལ་གཅིག་གྱུར་དགོས་ཀྱི་འདུག ང་ཚོས་རང་བཙན་རྩོད་ཀྱི་མིན། ཞེས་ལབ་པ་རེད། ངོས་རང་དེ་རླབས་ཆེ་བ་ཞིག་ཏུ་མཐོང་གི་འདུག བོད་རང་བཙན་ལབ་པ་ཡིན་ན་ལོ་རྒྱུས་དང་ཕལ་ཆེར་འབྲེལ་བ་ཞིག་ཡོང་གི་ཡོད། གྲོས་མཐུན་དོན་ཚན་བཅུ་བདུན་བཞག་པའི་སྐབས་དང་ཡང་འབྲེལ་བ་ཡོང་གི་ཡོད། དེ་རིང་ཁ་སང་ཡིན་ན་བོད་རང་སྐྱོང་ལྗོངས་ཟེར་བ་དེ་གཅིག་པུ་ལྟ་བུ་ཆགས་ཀྱི་ཡོད།  ང་ཚོས་འདིར་རྒྱ་ནག་རྩ་ཁྲིམས་ནང་འཁོད་པའི་བོད་རིགས་ཚང་མར་ཐོབ་ཐང་ཞིག་དགོས་ཀྱི་འདུག་བརྗོད་སྐབས་མདོ་སྟོད་སྨད་ཀྱི་ས་ཁུལ་མང་པོ་ཞིག་ལ་རྩ་ཁྲིམས་ནང་། བོད་རིགས་རང་སྐྱོང་ལྗོངས། རང་སྐྱོང་ཁུལ། རང་སྐྱོང་ཤན་ཞེས་བོད་རིགས་ས་ཁུལ་ཡིན་པ་དང་དེར་རང་སྐྱོང་རིམ་པ་མང་པོ་ཞིག་མིང་བཏགས་ནས་ངོས་འཛིན་བྱས་ཡོད། དེ་དག་བོད་མི་ཚང་མར་ཐོབ་ཐང་གཅིག་གྱུར་ཞིག་བྱུང་ན་བོད་མི་ས་ཡ་དྲུག་ལ་ཁྱབ་ཀྱི་ཡོད། དེ་སྔའི་ལོ་རྒྱུས་དང་འབྲེལ་ནས་ཕྱིན་པ་ཡིན་ན། གྲོས་མཐུན་དོན་ཚན་བཅུ་བདུན་ནང་བོད་ས་གནས་སྲིད་གཞུང་ཟེར་བ་དེའི་སྒང་ལ་འགྲོ་རྒྱུ་རེད། དེ་ཕྱིན་པ་ཡིན་ན་བོད་མི་ས་ཡ་གཉིས་ཙམ་ལས་མེད། ཅེས་སོགས་ཀྱི་བཀའ་སློབ་སྩལ།

Share with your friends










Submit