ཟླ་བ་ ༣ ཚེས ༡༡ ༢༠༡༩
Published By ngawang thokmey

 ༢༠༡༩ ཟླ་ ༣ ཚེས་ ༡༡ རེས་གཟའ་ཟླ་བ།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༡༠ བོད་མི་ཚོས་རྒྱ་ནག་དམར་པོའི་དབང་སྒྱུར་སྲིད་བྱུས་ལ་ངོ་རྒོལ་རྔམ་སྟོན་བྱས་ནས་མི་ལོ་ཧྲིལ་པོ་ ༦༠ འཁོར་བཞིན་པའི་དུས་སྐབས་དང་བསྟུན།  ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ནེན་སི་པེ་ལོ་སི་ Nancy Pelosi མཆོག་གིས་བོད་མིའི་གསུམ་བཅུའི་སྒེར་ལངས་ཐེངས་ ༦༠ ཐོག་བསྒྲགས་གཏམ་ཞིག་སྤེལ་བའི་ནང་འཁོད་དོན། 

  ལོ་ངོ་ ༦༠ གོང་བོད་མི་ཚོས་རང་གི་ཚེ་སྲོག་དང་རང་དབང་སྲུང་སྐྱོབ་སླད་རྒྱ་ནག་གཞུང་གི་དྲག་གནོན་ལ་ངོ་རྒོལ་སྒེར་ལངས་བྱས་པ་རེད།   གསུམ་བཅུའི་དུས་དྲན་ནམ་ཡིན་ལ་ང་ཚོས་བོད་ཀྱི་རྩ་དོན་ཆེད་རང་སྲོག་བློས་གཏོང་གནང་མཁན་རྒྱལ་གཅེས་པ་རྣམས་ཀྱི་ཆོད་སེམས་དང་སྙིང་སྟོབས་ལ་རྗེས་དྲན་ཞུ་བ་དང་སྦྲགས།  བོད་མི་ཚོར་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་བསྐྱར་གསོ་ཐུབ་སླད་མུ་མཐུད་རྒྱབ་སྐྱོར་ཞུ་རྒྱུའི་ཆོད་སེམས་རྒྱུན་སྐྱོང་བྱེད་བཞིན་ཡོད།  འདི་ལོ་ནི་བོད་ཀྱི་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་རྒྱ་གར་དུ་བཙན་བྱོལ་ལ་༸ཞབས་སོར་བཀོད་ནས་མི་ལོ་ ༦༠ འཁོར་བའི་དུས་ཚིགས་ཤིག་ཀྱང་ཆགས་ཡོད། 

 འདས་པའི་ལོ་ངོ་བཅུ་ཕྲག་རིང་བོད་ཀྱི་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་བོད་མིའི་བཟོད་པར་དཀའ་བའི་སྙིང་སྟོབས་མཚོན་ཞིང་། ཁོང་གི་སྐྱེ་འགྲོ་ཀུན་ལ་ཕན་པའི་བཀའ་སློབ་དེ་དག་གིས་རང་དབང་ལ་དགའ་བའི་མི་རྣམས་ལ་སྙིང་སྟོབས་སྤེལ་ཞིང་།  བོད་མི་རྒན་གཞོན་ཚང་མའི་མངོན་འདོད་ལྟར་རང་གི་སྐད་ཡིག་དང་རིག་གཞུང་། ཆོས་དད་སྲུང་སྐྱོབ་མཛད་བཞིན་ཡོད།  དུས་ཆེན་ཧ་ཅང་གལ་ཆེར་སྲུང་བརྩི་ཞུ་བཞིན་པའི་ཉིན་མོ་འདིར། བོད་མི་དང་ཨ་རི་མི་མང་དབར་ཉམས་པ་མེད་པའི་མཛའ་བརྩེའི་འབྲེལ་ལམ་རྒྱུན་སྐྱོང་བྱེད་དགོས། 

ཨ་རིའི་གྲོས་ཚོགས་འཐུས་མི་རྣམས་ཀྱིས་བོད་ནང་ཕར་འགྲོ་ཚུར་འོང་གི་ཁྲིམས་གསར་པ་གཏན་འབེབ་གནང་བ་དེ་ད་ཆ་དངོས་སུ་ལག་བསྟར་ཡོང་ཐབས་བྱེད་བཞིན་ཡོད། ཁྲིམས་དེ་བརྒྱུད་ནས་བོད་མི་ཚོར་ཆོས་དད་རང་དབང་དང་རིག་གཞུང་སྲུང་སྐྱོབ་ཀྱི་ཐོབ་ཐང་བསྐྱར་གསོ་ཐུབ་རྒྱུ་མ་ཟད།  བོད་མིའི་རིག་གཞུང་ལ་བརྩི་མེད་རྡོག་རོལ་གཏོང་མཁན་ཚོར་འགན་ལེན་ཡོད་པ་ཞིག་བཟོ་རྒྱུ་ཡིན། བོད་མི་ཚོའི་ཞུམ་པ་མེད་པའི་སྙིང་སྟོབས་ཀྱིས་རྒྱུད་སྐུལ་འོག་ང་ཚོ་གྲོས་ཚོགས་ཀྱིས་བོད་མི་རྣམས་ལ་ཞི་བདེ་དང་ཡར་རྒྱས། རེ་བའི་མདུན་ལམ་གསར་པ་ཞིག་མ་བྱུང་བར་རྒྱབ་སྐྱོར་ཞུ་རྒྱུ་ཡིན། 

 

 

 

Share with your friends










Submit