ཟླ་བ་ ༣ ཚེས ༡༨ ༢༠༡༩
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༡༨ རེས་གཟའ་ཟླ་བ།

༄༅། །སུད་སིའི་གྲོང་ཁྱེར་ཇི་ནི་ཝའི་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༤༠ འཚོགས་བཞིན་པའི་སྐབས་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པའི་སྐོར་གླེང་སློང་གནང་འདུག

 སྐབས་དེར་ཨོ་སི་ཊོ་ལི་ཡ་དང་ཅེཀ་སྤྱི་མཐུན་རྒྱལ་ཁབ། འཇར་མ་ནི། ཕ་རན་སི། སུད་སི། ཨིན་ཡུལ་བཅས་ཀྱིས་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་གནས་སྟངས་ཐོག་གླེང་སློང་གནང་ཡོད་པ་མ་ཟད། ཇར་མ་ནི་དང་ཕ་རན་སི་རྒྱལ་ཁབ་གཉིས་ཀྱིས་ཀྱང་བོད་དང་ཤིན་ཅང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ལ་ཐུགས་འཚབ་ཡོད་པའི་རྣམ་པ་ཆེད་བཏོན་གྱིས་རྒྱལ་ཚོགས་ལ་གཞེན་སྐུལ་ཞུས་ཡོད་པ་རེད།

 ལྷན་ཚོགས་ཐོག་སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་འབྲེལ་ཡོད་ལས་བྱེད་སྐལ་ལྡན་མཚོ་མོ་ལགས་ཀྱིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནས་བོད་ནང་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཉིན་རེ་བཞིན་ཇེ་སྡུག་ཏུ་འགྲོ་བཞིན་པའི་ཛ་དྲག་གནས་སྟངས་ཐོག་སྔར་ལྷག་ཐུགས་སྣང་ཡོང་བའི་འབོད་སྐུལ་དང་འབྲེལ་རྒྱ་ནག་དམར་ཤོག་གཞུང་འཛིན་པས་བོད་མིའི་ཁེ་ཕན་དང་དགོས་འདུན་སྣང་མེད་དང་ཁྱད་གསོད་མུ་མཐུད་བྱས་པར་སོང་ཕྱི་ལོ་ ༢༠༠༩ ནས་བཟུང་ད་བར་བོད་ནང་རྒྱལ་གཅེས་པ་ཁྱོན་བསྡོམས་གྲངས་ ༡༥༣ ནས་རང་ལུས་མེར་སྲེག་བཏང་ཡོད་སྐོར་དང་།  རྒྱ་ནག་གཞུང་ནས་བོད་ལྷོ་ཁ་རྩེད་ཐང་ས་ཁུལ་གྱི་སློབ་གྲྭ་ཁག་གི་དགུན་དུས་གུང་སེང་སྐབས་བོད་རིགས་སློབ་ཕྲུག་རྣམས་ནས་ཆོས་ལུགས་ཀྱི་བྱེད་སྒོ་ཁག་ལ་ཞུགས་མི་ཆོག་པའི་དམ་དྲག་བཀག་སྡོམ་བྱས་ཡོད་པ་མ་ཟད། རྒྱ་གཞུང་གིས་བོད་ནང་གི་བོད་མི་སྒེར་པའི་སློབ་གྲྭ་ཁག་སྒོ་བརྒྱབ་པ་དང་དགོན་པར་བོད་ཡིག་ཟུར་ཁྲིད་དུ་འགྲོ་མི་ཆོག་པའི་བཀག་སྡོམ་བྱས་པ། ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་ནག་གཞུང་གིས་བཙན་འཁྲིད་བྱས་ནས་གར་སོང་ཆ་མེད་དུ་གྱུར་བའི་སྐོར་དང་། དེ་བཞིན་བོད་དོན་བདེན་མཐའ་གསལ་ཐབས་སླད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་། རྒྱ་ནག་གཞུང་གི་སྐུ་ཚབ་དབར་གྲོས་མོལ་སླར་གསོ་ཡོང་སླད་རྒྱབ་སྐྱོར་གང་ཐུབ་གནང་སྐྱོང་ཡོང་བའི་རེ་སྐུལ་ཡང་ཞུས་འདུག་པ་བཅས། །

Share with your friends










Submit