ཟླ་བ་ ༣ ཚེས ༡༥ ༢༠༡༩
Published By བ་ར་ཡེ་ཤེས་ཀུན་གྲགས།

ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༡༥ རེས་གཟའ་པ་སངས།


༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༡༥ ཉིན་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་གོ་སྒྲིག་འོག་བཞུགས་སྒར་རྡ་ས་ཁུལ་གྱི་ཕྱི་ནང་གསར་འགོད་པ་རྣམས་ལ་རྡ་ས་མེག་གྷན་དུ་རྟེན་གཞི་བྱས་པའི་ Club House ཞེས་པའི་གསོལ་མགྲོན་ཁང་དུ་གསོལ་སྟོན་རྒྱས་པ་ཞིག་གོ་སྒྲིག་གནང་ཡོད། ཐེངས་འདིར་ཕྱི་དྲིལ་ལས་ཁུངས་ནས་གསར་འགོད་པ་ཚོར་གསོལ་སྟོན་གོ་སྒྲིག་གནང་བ་ཐེངས་དྲུག་པ་ཆགས་ཡོད།

དེ་ཡང་སྐབས་དེར་རྒྱ་གར་གྱི་དུས་བབ། Times of India དང་། རུ་ཊར་གསར་ལས་ཁང་། Reuters  ཨ་མར་ཨུ་ཇ་ལ་ Amar Ujala ཌིབ་ཡ་ཧི་མཱ་ཅལ། Divya Himachal དང་། ཧིན་དུ་སི་ཐན་དུས་བབ། Hindustan Times ཨེ་ཨེན་ཨ་ཡི། ANI དེ་ནིག་བྷ་སི་ཀར། Dainik Bhaskar དེ་ནིག་ཇ་གྷ་རན། Dainik Jagran,The Tribune སོགས་རྒྱ་གར་གྱི་གསར་འགྱུར་ཚན་པ་ཁག་གི་འགན་འཛིན་དང་གསར་འགོད་པ་བཅས་དང་། དེ་བཞིན་བོད་ཀྱི་གསར་འགྱུར་བརྒྱུད་ལམ་ཁག་གི་རྩོམ་སྒྲིག་པ་དང་གསར་འགོད་པ་བཅས་ཁྱོན་མི་གྲངས་ ༦༨ ཕེབས་ཡོད་པ་མ་ཟད། དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག ཕྱི་དྲིལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་དང་དྲུང་འཕར་ཨརྱ་ཚེ་དབང་རྒྱལ་པོ་ལགས་བཅས་ཕེབས་ཡོད།

སྤྱིར་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ནས་ས་གནས་ཀྱི་གསར་འགྱུར་བརྒྱུད་ལམ་ཁག་ལ་ལོ་འཁོར་གསོལ་སྟོན་གོ་སྒྲིག་ཞུས་དགོས་དོན་ནི། བོད་རིགས་དང་རྒྱ་གར་གྱི་གསར་འགོད་པའི་དབར་སྔར་ལྷག་འབྲེལ་ལམ་དམ་ཟབ་ཡོང་ཐབས་དང་།

ལྷག་པར་བོད་མིའི་སྒྲིག་འཛུགས་དང་ས་གནས་ཀྱི་གསར་འགོད་པའི་དབར་འབྲེལ་ལམ་དམ་ཟབ་ཡོང་སླད་དང་། ཕྱོགས་མཚུངས་གསར་འགྱུར་བརྒྱུད་ལམ་ཁག་གིས་སྤྱི་ཚོགས་ཁྲོད་གོ་རྟོགས་ཀྱི་ལས་དོན་རླབས་ཆེན་སྤེལ་བཞིན་པའི་བྱས་རྗེས་ལ་ངོས་འཛིན་གནང་ཆེད་ཀྱང་ཡིན་འདུག་པ་བཅས།།

Share with your friends










Submit