ཟླ་བ་ ༣ ཚེས ༡༤ ༢༠༡༩
Published By སྐལ་བཟང་བདེ་སྐྱིད།

ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༡༤ རེས་གཟའ་ཕུར་བུ། 

༄༅། །བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་ཕྱི་ལོ་ ༢༠༡༩ ཟླ་  ཚེས་  ཉིན་ཕ་རན་སི་རྒྱལ་ས་པེ་རི་སིར་ཕེབས་འབྱོར་སྐབས་སྦར་སེལ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་དང་འབྲེལ་མཐུད་པ་རྣམ་རྒྱལ་བསམ་གྲུབ་ལགས་རྣམ་གཉིས་ཀྱིས་གཙོས་ཕ་རན་སིའི་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་སྐུ་ཚབ་སོགས་ནས་ཕེབས་བསུའི་སྣེ་ལེན་ཞུས་ཡོད། 

སྐབས་དེར་བཀའ་བློན་མཆོག་ Aide De’Enfance Tibet (AET) ཞེས་པའི་ཕ་རན་སི་རོགས་ཚོགས་ཀྱི་འཐུས་མི་དང་ལྷན་དུ་ཐུག་འཕྲད་ཀྱིས་བོད་ཀྱི་གནད་དོན་དང་བོད་མི་རྣམས་ལ་ད་བར་མཐུན་འགྱུར་རོགས་རམ་རྒྱ་ཆེ་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། ཉེ་ཆར་རྒྱ་གར་ནང་ཡོད་པའི་ཨོ་ཌི་ས་ཕུན་ཚོགས་གླིང་བོད་མིའི་གཞིས་ཆགས་སུ་དྲག་ཆར་རླུང་འཚུབ་ཀྱི་རྐྱེན་པས་སྟོན་ཐོག་དང་ཁང་པ་སོགས་ལ་གཏོར་སྐྱོན་འཚབ་ཆེ་ཕོག་པ་དང་། དེ་བཞིན་ཧི་མཱ་ཅལ་མངའ་སྡེའི་ནང་རྟེན་གཞི་བྱས་པའི་ཀུ་ལུ་མ་ན་ལི་བོད་མིའི་གཞིས་ཆགས་སུ་ཆུ་རུད་ཀྱི་གོད་ཆག་ཕོག་ཡོད་སྐོར། རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེའི་རྒྱལ་ས་ཨེ་ཊ་ན་གར་ནང་ཡོད་པའི་བོད་མིའི་ཚོང་ཁང་མང་པོ་མེར་སྲེག་བཏང་ཡོད་སྐོར། དེ་བཞིན་རྒྱ་གར་བྱང་ཕྱོགས་འཕགས་བོད་ས་མཚམས་ལ་དྭགས་བྱང་ཐང་ས་ཁུལ་དུ་འཚོ་བ་སྐྱེལ་བཞིན་པའི་བོད་མི་འབྲོག་པ་རྣམས་དགུན་དུས་གྲང་ངར་ཆེ་ཞིང་། ཁ་བའི་བུ་ཡུག་ཧ་ཅང་ཚུབ་པ་སོགས་ཀྱི་རྐྱེན་པས་ར་ལུག འབྲི་གཡག་སོགས་ལ་རྩྭ་ཐང་གི་སྐལ་བའི་དབེན་པར་བརྟེན་ལོ་ལྟར་དཀའ་ངལ་ཧ་ཅང་འཕྲད་བཞིན་ཡོད་པ་མ་ཟད།   འདི་ལོའི་དགུན་དུས་སྐབས་སྔར་དང་མི་འདྲ་བའི་གྲང་ངར་ཆེ་ཞིང་། ཁ་བ་ཧ་ཅང་མཐུག་པོ་བབ་པར་བརྟེན་འབྲོག་པའི་ར་ལུག་དང་འབྲི་གཡག་སོགས་ལྟོགས་ཤི་ཐེབས་པའི་ཛ་དྲག་གི་དཀའ་ངལ་ཧ་ཅང་འཕྲད་བཞིན་ཡོད་སོགས་གསུང་པ་དང་། 

དེ་སྔོན་དྲག་ཆར་རླུང་འཚུབ་ཀྱི་རྐྱེན་པས་སྟོན་ཐོག་དང་ཁང་པ་སོགས་ལ་གཏོར་སྐྱོན་འཚབ་ཆེ་ཕོག་པར་ཕ་རན་སི་རོགས་ཚོགས་ནས་རོགས་སྐྱོར་གནང་བར་སླར་ཡང་ཐུགས་རྗེ་ཆེ་ཞུས་པ་དང་ལྷན། གོང་གི་ཛ་དྲག་གི་གནད་དོན་རྣམས་ལ་མཐུན་འགྱུར་རོགས་རམ་ཡོང་བའི་རེ་སྐུལ་ཡང་གནང་ཡོད།

གོང་ཚེས་ཉིན་གྱི་ཕྱི་དྲོར་ཕ་རན་སི་རྒྱལ་ས་པེ་རི་སིར་གནས་སྡོད་བོད་རིགས་རྣམས་དང་ཐུག་འཕྲད་ཀྱིས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་སྡོད་བོད་རིགས་ཕ་མས་ངོས་ནས་སོ་སོའི་བུ་ཕྲུག་ལ་བོད་ཀྱི་ཐུན་མིན་ཆོས་དང་རིག་གཞུང་། སྐད་ཡིག་ལ་སོགས་གལ་ཆེན་པོ་བརྩིས་བའི་ཐོག་ནས་ལམ་སྟོན་གནང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པ་མ་ཟད་དོ་སྣང་ཡང་བྱེད་དགོས་པའི་སྐོར་དང་། གཞན་ཡང་བོད་མིའི་སྒྲིག་འཛུགས་ལས་ཁུངས་ཁག་གི་ལས་འཆར་ཁག་ངོ་སྤྲོད་དང་། ལྔ་དང་ལྔ་བཅུའི་སྲིད་བྱུས་སྐོར་དང་། དེ་བཞིན་བོད་མི་རྣམས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བློ་ཕམ་པའི་ལས་དོན་རིགས་ནམ་ཡང་བྱེད་རྒྱུ་མེད་པ་ནན་བརྗོད་གནང་ཡོད།  

དེ་ནས་ཕྱི་ཚེས་  ཉིན་བཀའ་བློན་མཆོག་སྦར་སིལ་དུ་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༠  ཐོག་མཉམ་ཞུགས་སླད་ཕེབས་འབྱོར་སྐབས་ཕྱོགས་བཞུགས་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་དང་ཟམ་མདོ་བྱམས་པ་ཚེ་རིང་ལགས་རྣམ་གཉིས་ཀྱིས་ཕེབས་བསུའི་སྣེ་ལེན་གནང་ཡོད། 

དེ་ཡང་གོང་ཚེས་ཉིན་གྱི་ཕྱི་དྲོར་གསུམ་བཅུའི་དུས་དྲན་ཐེངས་ ༦༠ གོ་སྒྲིག་ཚོགས་ཆུང་དང་། སྦེལ་ཇམ་བོད་རིགས་སྤྱི་མཐུན་ཚོགས་པ་ཐུན་མོང་གོ་སྒྲིག་འོག་ནང་སྲིང་བཀའ་བློན་མཆོག་སྐུ་མགྲོན་གཙོ་བོར་མགྲོན་འབོད་ཀྱིས་རིག་གཞུང་འཁྲབ་སྟོན་གཟིགས་འབུལ་ཞུས།

 སྐབས་དེར་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་གིས་གཙོས་ཕ་རན་སི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་  Eustachio-Brinio མཆོག་དང་། ཕ་རན་སིའི་རྒྱལ་ཡོངས་ལྷན་ཚོགས་ཀྱི་ཚོགས་གཞོན་ལྕམ་ Toutut-Picard  མཆོག ཕྱོགས་བཞུགས་སྤྱི་འཐུས་རྣམ་གཉིས། སྦར་སིལ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས། ཆབ་སྲིད་བཙོན་ཟུར་དང་འཇིགས་བྲལ་ཞེས་པའི་དངོས་བྱུང་གློག་བརྙན་བཟོ་མཁན་དོན་གྲུབ་དབང་ཆེན་ལགས། ཡུ་རོབ་ཁུལ་གྱི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ཚེ་རིང་བྱམས་པ་ལགས་ཀྱིས་སྣེ་ཁྲིད་འོག་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་སྐུ་ཚབ་དང་ཡུ་རོབ་ཁུལ་གྱི་གནས་སྡོད་བོད་རིགས་བཅས་མཉམ་ཞུགས་ཀྱིས་ཐོག་མར་ནང་སྲིད་བཀའ་བློན་མཆོག་གིས་གསུང་བཤད་གནང་།

དེ་ནས་ཕ་རན་སིའི་གྲོས་ཚོགས་གོང་མའི་འཐུས་མིས་ཕ་རན་སིའི་གྲོས་ཚོགས་ནས་བོད་ཀྱི་གནད་དོན་དང་བོད་མི་རྣམས་ལ་རྒྱབ་སྐྱོར་ཤུགས་ཆེ་བྱེད་བཞིན་ཡོད་སྐོར་སོགས་ཀྱི་གསུང་བཤད་།

ཕྱི་ཚེས་ ༡༠ ཉིན་བཀའ་བློན་མཆོག་བོད་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༠ དང་། ཡུ་རོབ་མི་མང་ལས་འགུལ་ཆེན་མོ་ཐེངས་བཞི་པ་སྲུང་བརྩིའི་མཛད་སྒོར་མཉམ་ཞུགས་གནང་ཡོད། 

དེ་ནས་ཕྱི་ཚེས་ ༡༡ རེས་གཟའ་ཟླ་བ་ཉིན་ནེ་རྡར་ལན་ཌིར་ཕེབས་འབྱོར་གྱིས་ཁུལ་དེར་གནས་སྡོད་བོད་རིགས་རྣམས་ལ་གསུང་བཤད་གནང་ཡོད་པ་བཅས། །

Share with your friends










Submit