ཟླ་བ་ ༣ ཚེས ༡༣ ༢༠༡༩
Published By སྐལ་བཟང་བདེ་སྐྱིད།

ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༡༣ རེས་གཟའ་ལྷག་པ། 

༄༅། །འདི་གར་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན།  ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༡༡ ནས་ཉིན་གྲངས་གཉིས་རིང་ཐེ་ཝན་རྒྱལ་ས་ཐེ་པེ་གྲོང་ཁྱེར་ནང་ཨ་རི་དང་། ཐེ་ཝན་གཞུང་མཉམ་འབྲེལ་ཐོག་ཐེངས་དང་པོར་ ༼ ཧིན་རྡུ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཁུལ་གྱི་ཆོས་ལུགས་རང་དབང་སྲུང་སྐྱོབ་ཆེད་སྤྱི་དམངས་སྤྱི་ཚོགས་ཀྱི་བགྲོ་གླེང་། ༽ ཞེས་པའི་ཚོགས་ཆེན་ཞིག་ཐེ་སྡོད་ཨ་རི་གཞུང་ཚབ་ཁང་དང་། ཐེ་ཝན་ཕྱི་སྲིད་ལས་ཁུངས། ཐེ་ཝན་མང་གཙོ་ཐེབས་རྩ་ཁང་བཅས་ནས་གོ་སྒྲིག་གནང་བའི་ཐོག་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་མགྲོན་འབོད་ལྟར་མཉམ་ཞུགས་གནང་ཡོད་པ་རེད།

ཕྱི་ཚེས་ ༡༡ སྔ་དྲོ་དབུ་འབྱེད་མཛད་སྒོའི་ཐོག་ཚོགས་ཆེན་གོ་སྒྲིག་གནང་མཁན་མང་གཙོ་ཐེབས་རྩ་ཁང་གི་འགན་འཛིན་ཐེ་ཝན་གྲོས་ཚོགས་ཚོགས་གཙོ་སྐུ་ཞབས་སུའུ་ཅཱ་ཇོན་ལགས་ཀྱིས་གསུང་བཤད་གནང་སྐབས་༸གོང་ས་མཆོག་གི་བཀའ་སློབ་ཅིག་ལུང་འདྲེན་གནང་དོན། ‘‘ཞི་བདེ་ནི་འགྲོ་བ་མིའི་ཐོབ་ཐང་བརྩི་འཇོག་དང་། མི་མང་ལྟོ་གོས་གཉིས་འཛོམས། རྒྱལ་ཁབ་དང་སྒེར་ལ་རང་དབང་ཡོད་པའི་ས་ཆར་གཞི་ནས་གནས་ཐུབ།’’ ཅེས་སོགས་གསུངས། གཞན་ཡང་སྐུ་མགྲོན་གཙོ་བོ་ཐེ་ཝན་སྲིད་འཛིན་ལྕམ་ཚའེ་དབྱིང་ཝེན་ལགས་ཀྱིས་གསུང་དོན་ ༼ རྒྱ་ནག་གིས་ཆོས་དད་དང་རང་དབང་བཙན་འཕྲོག་བྱས་རྐྱེན་ཆོས་ལུགས་དབུ་ཁྲིད་དང་མི་མང་མང་པོ་བཙན་བྱོལ་དུ་འགྲོ་དགོས་བྱུང་ཚུལ་ལ་ཐེ་ཝན་ནས་གདུང་སེམས་མཉམ་སྐྱེ་ཡོད།  ༽ ཅེས་སོགས་གསུང་བཤད་གནང་།

དེ་བཞིན་ཨ་རིའི་སྲིད་འཛིན་ཊོམ་མཆོག་གི་ཆོས་ལུགས་སྐུ་ཚབ་སྐུ་ཞབས་ Samuel Brownback ལགས་ཀྱིས་ཀྱང་གསུང་བཤད་གནང་སྐབས། ཚོགས་བཅར་ཁོངས་ཡོད་པའི་དོན་གཅོད་ཟླ་བ་ཚེ་རིང་ལགས་ཡར་བཞེངས་རོགས་གསུངས་ཏེ་དཔེ་མཚོན་དང་སྦྲགས་བོད་ནང་ཆོས་ལུགས་དམ་བསྒྲགས་སྐོར་གསུང་བཤད་གནང་།

ཚེས་ ༡༢ ཉིན་གྱི་བགྲོ་གླེང་ཚོགས་འདུའི་སྔ་དྲོའི་ལས་རིམ་ཐོག་དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་ ༼ རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་ལུགས་རྩ་མེད་གཏོང་བའི་སྲིད་བྱུས་ལག་བསྟར། ༽ ཞེས་པའི་བརྗོད་གཞིའི་ཐོག་རྩོམ་ཡིག་སྒྲོག་སྦྱང་གནང་ཡོད།

ཚོགས་འདུ་མ་ཚོགས་གོང་སྐུ་ཞབས་ Samuel Brownback ལགས་ཀྱིས་གདན་ཞུ་གནང་དོན་ལྟར་དོན་གཅོད་ཟླ་བ་ཚེ་རིང་ལགས་ཟུར་དུ་མཇལ་འཕྲད་གནང་ནས་དུས་ཡུན་ཆུ་ཚོད་གཅིག་ལྷག་རིང་བོད་དང་འབྲེལ་བའི་སྐོར་ལ་ཕན་ཚུན་གོ་བསྡུར་ལྷུག་པོ་གནང་ཡོད་པ་དང་། སྐབས་དེར་ཐའེ་ཝན་དུ་བཅའ་སྡོད་ཨ་རིའི་གཞུང་ཚབ་ཁང་གི་ལས་བྱེད་དང་། རྒྱ་ནག་ཏུ་ཡོད་པའི་ཨ་རིའི་གཞུང་ཚབ་ཀྱི་ལས་བྱེད་བཅས་ཀྱང་ཆེད་བཅར་ཞུས་འདུག

ཚེས་ ༡༢ ཕྱི་དྲོ་ཚོགས་འདུ་གོ་སྒྲིག་གནང་མཁན་ཐེ་ཝན་མང་གཙོ་ཐེབས་རྩ་ཁང་ནས་གོ་སྒྲིག་གནང་བ་ལྟར་དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་བོད་ནང་གི་ཆོས་དད་སྐོར་ཐེ་ཝན་དབུས་གསར་འགྱུར་ལས་ཁང་དང་། ཐེ་པེ་དུས་བབ། Taiwan Sentinel བཅས་ཀྱི་གསར་འགོད་པའི་བཅར་འདྲིར་ལན་འདེབས་གསལ་བཤད་གནང་ཡོད།

ཐེངས་འདིའི་ཚོགས་ཆེན་ཐོག་རྒྱལ་ཁབ་ཁག་ ༡༥ ནས་ཚོགས་ཞུགས་མི་གྲངས་ ༨༠ ཙམ་ཕེབས་ཡོད་པ་མ་ཟད། ཁྱོན་མི་གྲངས་ཉིས་བརྒྱ་ལྷག་ཚོགས་ཆེན་ཐོག་མཉམ་ཞུགས་གནང་ཡོད་པ་བཅས། །

Share with your friends










Submit