Published By ngawang thokmey

༢༠༡༩ ཟླ་ ༢ ཚེས་ ༨ རེས་གཟའ་པ་སངས།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༢ ཚེས་ ༦ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ལྷོ་ཨ་ཕོ་རི་ཀའི་ནང་གཞུང་འབྲེལ་ཕྱོགས་ཕེབས་སྐབས། ཡུལ་དེའི་རྒྱལ་སའི་ནང་རྟེན་གཞི་བྱས་པའི་དེ་སྔའི་སྲིད་འཛིན་ཟུར་པ་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་སྐུ་ཞབས་ཌི་ཀ་ལག་Mr F W de Klerk མཆོག་གི་ཐེབས་རྩ་ཁང་དུ་ཕེབས་སྐབས་སྲིད་འཛིན་ཟུར་པ་ཁོང་དང་མཇལ་འཕྲད་གནང་འདུག སྐབས་དེར་དབུ་ཁྲིད་རྣམ་གཉིས་དབར་ཕྱག་རྟགས་བརྗེ་ལེན་གནང་བ་མ་ཟད། ད་ལྟའི་རྒྱ་ནག་གི་དབང་སྒྱུར་འོག་བོད་ནང་གི་ཛ་དྲག་གི་གནས་སྟངས་གཙོས་གནད་དོན་ཁག་གཅིག་སྐོར་གོ་བསྡུར་གནང་འདུག སྲིད་འཛིན་ཟུར་པ་མཆོག་ནས་སྐབས་དེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འཚམས་འདྲི་ཞུས་པ་དང་སྦྲགས། བོད་མི་རྣམས་ཀྱིས་རང་དབང་དོན་གཉེར་གྱི་མངོན་འདོད་ལ་རྒྱབ་སྐྱོར་གནང་འདུག སྐབས་དེར་སྲིད་སྐྱོང་མཆོག་གིས་ཕྱི་ལོ་ ༢༠༠༩ ནས་བཟུང་ད་བར་བོད་མི་ ༡༥༣ ལྷག་གིས་རང་ལུས་མེར་སྲེག་བཏང་བའི་ཛ་དྲག་གི་གནས་སྟངས་ལས་ད་ལྟའི་བོད་ནང་དུ་ཆབ་སྲིད་ཀྱི་དམ་བསྒྲགས་ཇི་ཙམ་ཡོད་མེད་ཚོད་དཔག་བྱེད་ཐུབ་པ་དང་། བོད་མི་དེ་དག་གིས་རང་སྲེག་ལས་འགུལ་སྤེལ་སྐབས་བོད་ལ་རང་དབང་དགོས་པ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་དུ་གདན་འདྲེན་ཞུ་དགོས་པའི་དགོས་འདུན་བཏོན་ཡོད་སྐོར་སྲིད་འཛིན་མཆོག་ལ་གསུངས། 

སྤྱིར་རང་དབང་ཁང་པས་སྙན་ཐོ་བཏོན་པ་ལྟར་ན། འཛམ་གླིང་ནང་རང་དབང་ཆུང་ཤོས་ཀྱི་རྒྱལ་ཁབ་སི་རི་ཡ་དང་གཉིས་པ་རྒྱ་ནག་ཡིན་པ་གསལ་འདོན་གནང་ཡོད་སྟབས། བོད་ནི་བྱང་ཀོ་རི་ཡ་ལས་དམ་བསྒྲགས་ཆེ་བའི་ས་ཁུལ་ཞིག་ཡིན་པ་ར་འཕྲོད་བྱུང་ཡོད། ཐེངས་འདིར་སྲིད་སྐྱོང་མཆོག་གིས་ཡུལ་དེའི་ནང་བོད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཨིན་ཁ་ཏ་རང་དབང་ཚོགས་པའི་Inkatha Freedom Party ཚོགས་མི་རྣམས་དང་མཇལ་འཕྲད་གནང་འདུག 

Share with your friends










Submit