ཟླ་བ་ ༢ ཚེས ༡༣ ༢༠༡༩
Published By ngawang thokmey

༢༠༡༩ ཟླ་ ༢ ཚེས་ ༡༣ རེས་གཟའ་ལྷག་པ།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༢ ཚེས་ ༡༢ རེས་གཟའ་མིག་དམར་སྔ་དྲོ་ཨ་རིའི་གཞུང་མང་གཉིས་ཀྱིས་ད་བར་བོད་མི་དང་བོད་དོན་རྒྱབ་སྐྱོར་གནང་དང་གནང་མུས་ལ་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་ཐུགས་རྗེ་ཆེ་ཞུའི་ལས་འགུལ་གྱི་ཆ་ཤས་སུ་ཨ་རི་སྐུ་ཚབ་དོན་ཁང་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་། རྒྱལ་སའི་མངའ་ཁུལ་ས་གནས་བོད་རིགས་ཚོགས་པ་བཅས་ཀྱི་གོ་སྒྲིག་འོག་མཛད་སྒོ་གཟབ་རྒྱས་ཤིག་གོ་སྒྲིག་གནང་འདུག  སྐབས་དེར་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ནེན་སི་པེ་ལོ་སི་Nancy Pelosi མཆོག་གིས་གཙོས་གྲོས་ཚོགས་འཐུས་མི་ཁག་གཅིག་མཛད་སྒོར་མཉམ་ཞུགས་གནང་བ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་གཙོས་ས་གནས་སྤྱི་འཐུས་རྣམ་གཉིས་དང་། ཚོགས་སྐྱིད་ཁག་གི་སྐུ་ཚབ་སོགས་ཕེབས་པའི་ཁྲོད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཛད་སྒོའི་ཐོག་སྩལ་བའི་བཀའ་སློབ་བརྙན་འཕྲིན་ཞིག་གཟིགས་འབུལ་ཞུས་འདུག

སྐབས་དེར་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་པེ་ལོ་སི་ Nancy Pelosi མཆོག་གིས་གསུང་བཤད་གནང་སྐབས།  ཨ་རིའི་གཞུང་མང་གཉིས་ཀྱིས་བོད་མི་དང་བོད་དོན་ཐོག་ཆོད་སེམས་བརྟན་པོས་རྒྱབ་སྐྱོར་མུ་མཐུད་གནང་རྒྱུ་དང་།  འཛམ་གླིང་རང་དབང་ལྡན་པའི་མི་མང་ཚོས་བོད་དོན་དང་བོད་མིར་རྒྱབ་སྐྱོར་གནང་མ་ཐུབ་ཚེ་འཛམ་གླིང་ས་ཕྱོགས་གཞན་དང་གཞན་དུ་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་གཏོང་བཞིན་པར་གདོང་ལེན་བྱ་རྒྱུའི་བཟང་སྤྱོད་ཀྱི་ཐོབ་ཐང་རང་བཞིན་གྱིས་མེད་པ་ཆགས་འགྲོ་བ་སོགས་གསུངས།  ཕྱོགས་མཚུངས་ལྕམ་སྐུ་མཆོག་གིས་སྐབས་དེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་དགོངས་ལྟར་མང་གཙོའི་ལམ་ནས་འོས་འདེམས་བྱས་པའི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་དབུ་ཁྲིད་གནང་ཕྱོགས་ལའང་བསྟོད་བསྔགས་རྒྱ་ཆེ་གནང་བ་དང་སྦྲགས།  ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཀྱང་ཐུགས་སྤོབས་མཛད་བཞིན་ཡོད་སྐོར་སོགས་གསུངས། 

མཛད་སྒོ་དབུ་འཛུགས་ཀྱིས་ཐོག་མར་མཁན་པོ་བསམ་གྲུབ་ལགས་ཀྱིས་སྨོན་ལམ་གསུང་འགུལ་གནང་རྗེས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དབྱངས་སུ་གྱེར། དེ་རྗེས་ཨ་རིའི་གྲོས་ཚོགས་འོག་མའི་མང་གཙོ་ཚོགས་པའི་ཚོགས་གཙོ་ལྕམ་སྐུ་ནེན་སི་པེ་ལོ་སི་མཆོག་གིས་གཙོས་གྲོས་ཚོགས་འཐུས་མི་རྣམས་ལ་ཐུགས་རྗེ་ཆེ་ཞུའི་མཚོན་རྟགས་སོགས་ཕུལ་འདུག
སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་སྐབས་ཨ་རིའི་སྲིད་འཛིན་སྐུ་ཞབས་ཌོ་ནལ་ཊམ་མཆོག་གི་སྲིད་གཞུང་ནས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་གང་མགྱོགས་བསྐོ་གཞག་ཡོང་བ་དང་། དེ་སྔ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་ཡོད་ཀྱང་། ཕྱི་ལོ་ ༢༠༡༧ ནས་བཟུང་ད་བར་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་གསར་བསྐོ་གནང་མེད་པ་དང་། ཨ་རིའི་གཞུང་མང་གཉིས་ཀྱིས་དུས་རྟག་ཏུ་བོད་མི་དང་བོད་དོན་འཐབ་རྩོད་ལ་གདུང་སེམས་མཉམ་སྐྱེའི་རྒྱབ་སྐྱོར་ཤུགས་ཆེ་གནང་དང་གནང་མུས་ལ་བོད་མི་ཡོངས་ཀྱི་ཚབ་ཞུས་ནས་ཐུགས་རྗེ་ཆེ་གསུང་པ་དང་། བོད་དོན་བདེན་མཐའ་མགྱོགས་མྱུར་གསལ་རྒྱུའི་རེ་བ་ཡོད་སྐོར་སོགས་གསུངས།
ཕྱོགས་མཚུངས་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇིམ་མེག་གྷོ་ཝན་Jim McGovern མཆོག་དང་། གྲོས་ཚོགས་འཐུས་མི་ལྕམ་སྐུ་ཨེ་ལི་ནོར་ཧོལྨ་སོ་ནོར་ཊོན་Eleanor Holmes Norton མཆོག  གྲོས་ཚོགས་འཐུས་མི་ལྕམ་སྐུ་བྷེ་ཊི་མེ་ཀ་ལམ་Betty McCollumམཆོག གྲོས་ཚོགས་འཐུས་མི་ལྕམ་སྐུ་ཊོམ་སའོ་ཛི་Tom Suozzi མཆོག་སོགས་ཕེབས་ནས་གསུང་བཤད་གནང་འདུག   དེ་བཞིན་ཨ་རིའི་ཆོས་དད་རང་དབང་སྲུང་སྐྱོབ་ལྷན་ཁང་གི་སྐུ་ཚབ་སེམ་བྷ་རའོན་བྷེག་Sam Brownbackམཆོག་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་སྐུ་ཞབས་མེ་ཐིའུ་མེ་ཁ་ཅི་Matteo Mecacci མཆོག  ཨ་རིའི་རྒྱལ་ཡོངས་མང་གཙོ་གོང་སྤེལ་ཚན་པའི་ཚོགས་གཙོ་སྐུ་ཞབས་ཀལ་གྷི་རིཤི་མན་Carl Gershman མཆོག་སོགས་ཀྱིས་གཙོས་མཁས་དབང་། ཤེས་ལྡན་མི་སྣ་སོགས་ཕེབས་འདུག  

 

 

Share with your friends










Submit