ཟླ་བ་ ༢ ཚེས ༡༣ ༢༠༡༩
Published By སྐལ་བཟང་བདེ་སྐྱིད།

ཕྱི་ལོ་ ༢༠༡༩ ཟླ་ ༢ ཚེས་ ༡༣ རེས་གཟའ་ལྷག་པ།

 ༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༩ ཟླ་ ༡ ཚེས་ ༡༥ ནས་ཚེས་ ༢༥ བར་སྤྱི་འཐུས་བསྟན་འཛིན་འཇམ་དབྱངས་ལགས་རྒྱ་གར་བྱང་ཕྱོགས་བོད་མིའི་སུད་ཚོང་ས་གནས་ཅན་རྡི་གར། མོ་ཧ་ལི། ཨམ་བྷ་ལ། པ་ཌི་ཡ་ལ། ལུ་རྡི་ཨ་ན་དང་ཇ་ལན་རྡར་བཅས་སུ་ཡོད་པའི་བོད་མའི་སུད་ཚོང་སྡེ་ཁག་དང་མཐོ་སློབ་སློབ་ཁག་བཅས་ལ་གཞུང་འབྲེལ་ཕྱོགས་བསྐྱོད་གནང་ཡོད་འདུག 


ཕྱི་ཚེས་ ༡༥ ཉིན་རྒྱབ་ཚོུད་ ༥ ཙམ་ལ་ཅན་རྡི་གར་ Sector 17 ལ་འབྱོར་བ་དང་དགོང་དྲོ་ཚོུད་ ༨ པའི་ཐོག་སུད་ཚོང་འཐུས་མིའི་ཚོགས་གཙོ་ཚེ་རིང་རབ་བརྟན་ཤས་ཏརི་ལགས་དང་དོན་ཡོད་ལགས། ཚེ་རིང་རྣམ་རྒྱལ་ལགས་དང་ལྷན་དགུང་ཚིགས་མཉམ་སུད་ཚོང་དང་འབྲེལ་བའི་དཀའ་ཚེགས་རྣམས་རྒྱུས་སྟོན་ཞུས་གནང་། ཕྱི་ཚེས་ ༡༦ ཞོགས་པ་ཚོུད་ ༡༠ པ་ཙམ་ལ་ས་གནས་སུད་ཚོང་ཁྲོམ་སར་བསྐྱོད་ནས་མང་ཚོགས་ཚོགས་འདུའི་སྐབས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་མགོན་པོ་གང་ཉིད་མཆོག་གི་ཐུགས་ཀྱི་དམ་བཅའ་ཉམས་ལེན་ལག་བསྟར་གནང་དགོས་སྐོར། བོད་ནང་གི་ཛ་དྲག་གནས་སྟངས་སྐོར་དང་དེ་ལ་གཞིགས་པའི་མང་ཚོགས་ནས་འགན་འཁུར་གནང་ཕྱོགས། བོད་དང་འབྲེལ་བའི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་བབ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་འདུས་དྲུག་པའི་ལས་རིམ་སྐོར་གཏམ་བཤད་དང་མི་མང་གི་བདེ་ སྡུག་དཀའ་ངལ་ཐོག་གོ་བསྡུར་ཞུས་གནང་།

ཉིན་རྒྱབ་ཚོུད་ ༤ པའི་ཐོག་གྲོང་སྡེ་ལྷན་ཚོགས་ཀྱི་སྤྱི་ཁྱབ་འགན་འཛིན M.C.D.Commissioner Mr. Kama Kishor Yadav, IAS Officer མཆོག་ལ་མཇལ་བཅར་དང་། བོད་མི་མང་གི་ཚབ་ཞུས་ནས་སྤྱིར་རྒྱ་གར་གཞུང་དང་མི་མང། ལྷག་པར་ཅན་རྡི་གར་ས་གནས་གཞུང་མང་ལ་ས་གནས་བོད་མི་ཚོར་གཟིགས་སྐྱོང་གང་ལེགས་གནང་བ་ལ་ཐུགས་རྗེ་ཆེ་ཞུས་པ་དང་མཇལ་དར་བཅས་ཕུལ་གནང་ཡོད་འདུག 
ཕྱི་ ཚེས་ ༡༧ ཞོགས་པ་ཚོུད་ ༡༡ ཙམ་ལ་སངས་རྒྱས་སྨན་ལྷ་ཚོགས་པའི་མཆོད་ཁང་ནང་ཚོགས་འདུ་ཚོགས་པར་མཐོ་སློབ་གཞོན་ལྷན་ཚོགས་གཙོ་བསྟན་འཛིན་ཡེ་ཤེས་ལགས་ཀྱིས་མཐོ་སློབ་ཁ་ཐོར་ནང་སློབ་ཕྲུག་གྲངས་ཇི་ཙམ་ཡོད་སྐོར་ངོ་སྤྲོད་གནང་འདུག དེ་རྗེས་པན་ཇབ་གཙུག་ལག་སློབ་གཉེར་ཁང་དུ་སློབ་ཕྲུག་འཐུས་མི་ལྷན་ཉེ་བའི་རིགས་བདག་གི་ཕྱག་རོགས་དང་མཇལ་འཕྲད་གནང་ཡོད་འདུག་ལ་ཅན་རྡི་གར་སྨན་ཁང་བརྟག་དཔྱད་ཆེད་ཕེབས་མཁན་གྱི་བོད་མི་དང་ཧི་མཱ་ལ་ཡ་ནས་ཡིན་པའི་ནད་པ་མང་པོ་ཞིག་ལ་དངོས་སུ་དྭང་བླངས་ཀྱི་ཞབས་ཞུས་མཁན་ཚེ་རིང་སྒྲོལ་དཀར་ལགས་༼ཨ་མ་ཀྲེ་རེ་ས་ཞེས་འབོད་བཞིན་པ། –mother Teresa༽ དང་མཇལ་འཕྲད་གནང་ཡོད་པ་དང་། 


ཕྱི་ཚེས་ ༡༨ ཞོགས་པ་ཚོུད་ ༡༡ ཙམ་ལ་མོ་ཧ་ལི་སུད་ཚོང་ས་གནས་ལ་འབྱོར་ཏེ་ཚོུད་ ༡༡།༣༠ ཐོག་མི་མང་ལྷན་འཛོམས་སར་གོང་འཁོད་བརྗོད་གཞིའི་ཐོག་གཏམ་བཤད་དང་དེ་རྗེས་དོགས་ འདྲི་དང་བདེ་སྡུག་ཞུ་རྒྱུའི་གོ་སྐབས་ཕུལ་གནང་འདུག ཕྱི་ཚེས་ ༡༩ ཉིན་ཨམ་བྷ་ལའི་ཁྲོམ་ས་དང་བསྡོད་གནས་སར་རྟོག་ཞིབ་གནང་ནས་ཚོུད་ ༡༠།༣༠ ཙམ་ལ་ཧ་རི་ཡ་ན་མངའ་སྡེའི་འཕྲོད་བསྟེན་དང་ན་གཞོན་རྩེད་རིགས་བློན་ཆེན་སྐུ་ཞབས་ཨ་ནིལ་ལྦིཇ་མཆོག་ (Mr. Anil Vij, Haryana State Health and Youth and Sports Minister) དང་མཇལ་འཕྲད་གནང་ནས་ཉིན་རྒྱབ་ཚོུད་ ༢ ཐོག་ཨམ་བྷ་ལ་རྒྱལ་སར་ཡོད་པའི་བོད་མི་ཁྲོམ་སར་ཕྱིན་ནས་རྟོག་ཞིབ་གནང་། དེ་ནས་ས་གནས་ཨམ་བྷ་ལ་ཀེན་ཌི་ལ་ཡོད་པའི་ཁྲོམ་སའི་ཡིག་ཚང་ནང་འཐུས་མི་དྲུག་ལྷན་བཞུགས་མོལ་ཚོགས་འདུ་ནང་ཨམ་བྷ་ལ་ས་གནས་གཉིས་ནས་མི་མང་ ༣༠ཙམ་གྱི་མཉམ་ཚོགས་ འདུ་དང་མི་མང་གི་བདེ་སྡུག་དང་བསམ་ཚུལ་བསྡུ་ལེན་གནང་འདུག


ཕྱི་ཚེས་༢༠ ཉིན་ས་གནས་པ་ཌི་ཡ་ལར་འབྱོར་རྗེས་བོད་མི་སུད་ཚོང་བའི་ཁྲོམ་སར་རྟོག་ཞིབ་གནང་སྟེ་སུད་ཚོང་བའི་མཆོད་ཁང་ནང་ཚོགས་འདུ་དང་མི་མང་གི་བདེ་སྡུག་དང་བསམ་ཚུལ་བསྡུ་ལེན་ཚོུད་ ༡།༣༠ ཙམ་གནང་རྗེས་ DC Mr. kumar Amit, IAS མཆོག་མཇལ་བཅར་གནང་བ་མ་ཟད། ས་གནས་ F.R.O. Office ལས་ཁུངས་ཀྱི་ལས་བྱེད་ཁ་ཤས་དང་མཇལ་འཕྲད་གནང་ཡོད་འདུག


ཕྱི་ཚེས་ ༢༢ ཉིན་ལུ་རྡི་ཡ་ནར་འབྱོར་ཏེ་རྒྱ་གར་ཚོང་པ་ lala ཁ་ཤས་ལྷན་གྲོས་བསྡུར་དང་བསམ་ཚུལ་བརྗེ་ལེན་གནང་ནས་ཇ་ལན་རྡར་ཕྱོགས་སུ་ཐོན་ཏེ། ཆུ་ཚོད་ ༤།༣༠ ཐོག་ཇ་ལན་རྡར་ནང་ཡོད་པའི་གཙུག་ལག་སློབ་གཉེར་ཁང་ Lovely Professional University དུ་ཐོག་མར་དབུ་འཛིན་གཞོན་པ་ Mr. Aman Mittal  དང་ཆུ་ཚོད་ ༡ ཙམ་གྱི་རིང་བོད་དོན་ཐོག་གྲོས་བསྡུར་གནང་སྟེ་ཆུ་ཚོད་ ༥།༣༠ ཙམ་ལ་སློབ་ཕྲུག་རྣམས་ཀྱི་ལྷན་ཚོགས་འདུ་དང་་དྲི་ལན་གོ་བསྡུར་གནང་ཡོད་པ་དང། ཇ་ལན་རྡར་སུད་ཚོང་བའི་ཁྲོམ་སར་ཐོག་མར་ཁྲོམ་ས་རྟོག་ཞིབ་དང་དེ་ནས་མི་མང་ལྷན་ཚོགས་འདུ་ཚོུད་ ༡།༣༠ ཙམ་གནང་འདུག


ཕྱི་ཚེས་ ༢༣ ཞོགས་པ་ཆུ་ཚོད་ ༡༡ ཐོག་ས་གནས་ཀྱི་ FRO Office ལས་ཁུངས་ཀྱི་ལས་བྱེད་དང་མཇལ་འཕྲད་ཞུས་གནང་ནས། མོ་ཧ་ལི་ཕྱོགས་སུ་ཐོན་ཏེ་སུད་ཚོང་ཁྲོམ་སར་འབྱོར། ཕྱི་ཚེས་ ༢༤ ཉིན་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱི་དྲུང་ཡིག་ཆེན་མོ་ Mr. Tejvir Singh, IAS Principal Secretary, CM Punjab  དང་མཇལ་འཕྲད་ཞུས་གནང་རྗེས་ས་ཁྲལ་དང་འབྲེལ་ལས་ཁུངས་འགན་འཛིན་ Mrs. Gurneet Tej, Chief Administrator, PUDA དང་མཇལ་འཕྲད་གནང་འདུག་པ་བཅས། །

Share with your friends










Submit