Published By ngawang thokmey

༢༠༡༩ ཟླ་ ༢ ཚེས་ ༤ རེས་གཟའ་ཉི་མ།

༄༅། །ཕྱི་ལོ་༢༠༡༩ ཟླ་ ༢ ཚེས་ ༤ རེས་གཟའ་ཟླ་བ་གནམ་གང་ཉིན་བོད་མི་ལོ་ན་དགུ་བཅུ་བརྒལ་བ་རྣམས་ལ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་བཀའ་སློབ་སྩལ་བ་མ་ཟད། གོ་སྐབས་དང་བསྟུན་མགོན་པོ་གང་ཉིད་ཀྱིས་བཀའ་སློབ་སྩལ་དོན། དེ་རིང་འདིར་དངོས་སུ་འཛོམས་པའི་བོད་རིགས་ལོ་དགུ་བཅུ་ལོན་པ་ཁྱེད་རང་ཚོ་གཙོ་བོ་བྱས། གཙོ་ཆེར་གཞིས་ལུས་རྒྱ་ཆེ་མི་མང་ཚོར་དེ་རིང་ལོ་གསར་ལ་འཚམས་འདྲི་བྱེད་འདོད་བྱུང་།  བཙན་བྱོལ་ལ་ཡོད་པའི་བོད་པ་ཚོས་ཀྱང་ཧུར་ཐག་འབད་ཐག་བྱས་པ་རེད། ཚང་མར་ལོ་གསར་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཡོད། གཞིས་བྱེས་བོད་མི་ས་ཡ་དྲུག་ནས་བདུན་བར་ཡོད་པ་དེ་དག་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་གི་མི་རེད། དུས་ཚོད་ཁག་པོ་འདིའི་སྐབས་སུ་འཛམ་བུ་གླིང་འདིའི་སྒང་ལ་བོད་ཀྱི་ཆོས་དང་རིག་གཞུང་བརྗོད་སྐབས་ཚང་མས་འདི་ཡ་མཚན་པོ་ཞིག་འདུག ཚན་རིག་དང་མཐུན་པ་ཞིག་འདུག ཅེས་མང་པོས་དོ་སྣང་བྱ་ཡུལ་ཞིག་ཏུ་གྱུར་འདུག 

དེར་བརྟེན་ང་ཚོ་མི་རབས་འདིས་མི་གོ་ཆོད་པ་བྱས་ཡོད། གཙོ་ཆེར་གཞིས་ལུས་རྒྱ་ཆེ་མི་མང་དེ་དག་ལྷག་བསམ་སྙིང་སྟོབས་ཞུམ་མེད་ཐོག་ཆིག་སྒྲིལ་གྱི་ནུས་པ་ཧ་ཅང་ཡག་པོ་རེད། དེ་སྔ་ང་ཚོའི་བོད་ཀྱི་ལོ་རྒྱུས་ནང་མངའ་བདག་ཁྲི་རལ་བཀྲོངས་རྗེས་བོད་སིལ་བུར་གྱུར་ནས་དཀའ་ངལ་ཧ་ཅང་མྱངས་པ་རེད། ད་ལྟའི་དུས་སྐབས་འདིར་རྐྱེན་ངན་གྲོགས་སུ་ཤར་ནས་བོད་ཆོལ་ཁ་གསུམ་གྱི་མི་རིགས་ཡོངས་རྫོགས་ཆིག་སྒྲིལ་གྱི་སྙིང་སྟོབས་དང་ལྷག་བསམ་ཞུམ་པ་མེད་པར་གནས་ཡོད། ཧ་ལས་པ་ཞིག་རེད། གཞིས་ལུས་རྒྱ་ཆེ་མི་མང་ཚོས་ལྷག་བསམ་དང་སྙིང་སྟོབས་ཞུམ་པ་མེད་པར་གནས་པ་དེར་ཐུགས་རྗེ་ཆེ་ཟེར་རྒྱུ་ཡིན།

ད་དུང་ཡིན་ནའང་ང་ཚོ་བོད་ཀྱི་བདེན་དོན་འདི་ནམ་ཡང་ཟུབ་ཏུ་མེད། བདེན་པ་ཟེར་བ་འདི་ནི་དུས་ཚོད་རིང་པོ་ཇི་ཙམ་སོང་བ་དེ་ཚོད་ཀྱི་ནུས་པ་ཇེ་གསལ་དུ་འགྲོ་བ་ཡིན།  བདེན་པར་གནོན་མཁན་གོ་མཚོན་རེད། གོ་མཚོན་ཟེར་བ་དེས་འཕྲལ་སེལ་ཙམ་མི་ལ་བཟོ་ལྟ་བཟོ་བ་མ་གཏོགས་ཡུན་རིང་པོར་གནས་ཐུབ་ཐབས་མེད། ང་ཚོ་བོད་ཀྱི་བདེན་དོན་འདི་གོ་མཚོན་འཁྱེར་ནས་བདེན་དོན་རྩོད་ཀྱི་མེད། ང་ཚོས་བདེན་པའི་ནུས་པ་འདི་འཁྱེར་ནས་བདེན་དོན་རྩོད་བཞིན་ཡོད། དེར་བརྟེན་གཞིས་ལུས་རྒྱ་ཆེའི་མི་མང་ཚོས་ཀྱང་བློ་བདེ་པོ་བྱོས། སེམས་སྐྱིད་པོ་བྱས་ནས་སྡོད་རོགས་བྱོས། བྱེས་འཁོད་རྒྱ་ཆེའི་མི་མང་ཚོར་མཚོན་ནའང་ཡག་ཐག་ཆོད་ཡིན། ང་ཚོ་མི་རབས་བརྗེ་བཞིན་ཡོད། འོན་ཀྱང་བོད་མི་རིགས་ཀྱི་རིག་གཞུང་། སྐད་ཡིག བོད་མི་རིགས་ཀྱི་བདེན་དོན་དེ་དག་བཙན་བྱོལ་བོད་མི་ཚོས་ལྷག་བསམ་རྩེ་གཅིག ཞུམ་པ་མེད་པའི་སྙིང་སྟོབས་སྒོ་ནས་ཧུར་ཐག་འབད་ཐག་བྱས་པ་རེད། ཚང་མར་ཐུགས་རྗེ་ཆེ་ཟེར་རྒྱུ་ཡིན། དེ་དང་ཆབས་ཅིག་ལོ་གསར་པའི་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཡོད། 

ངོས་ལ་མཚོན་ནའང་ལོ་ན་རྒས་བཞིན་ཡོད། འོན་ཀྱང་གཟུགས་པོའི་གནས་སྟངས་བདེ་ཐག་ཆོད་ཡོད། ལོ་བརྒྱ་སྐོར་སྡོད་ཐུབ་པའི་སྨོན་ལམ་རྒྱག་གི་ཡོད་ལ། ཕལ་ཆེར་སྡོད་ཀྱི་རེད་བསམ་པ་དྲན་བཞིན་འདུག དེར་བརྟེན་རྒྱ་ཆེའི་མི་མང་ངོས་ནས་ཀྱང་སེམས་ཤུགས་བསྐྱེད་ནས་ཧུར་ཐག་བྱེད་ཤོག ངོས་ཀྱི་ངོས་ནས་ཡིན་ནའང་ལོ་ན་མཐོན་པོ་སླེབས་ཀྱང་ཀླད་པ་གྲུང་ཐག་ཆོད་དང་། ཁ་བདེ་ཐག་ཆོད་ཡོད།  ངོས་ཀྱིས་འདི་འདྲ་སྡོད་རྒྱུ་རེད། བཀྲ་ཤིས་བདེ་ལེགས། བློ་བདེ་པོ་བྱོས། བཀྲ་ཤིས་བདེ་ལེགས། 

Share with your friends










Submit