ཕྱི་ལོ་ ༢༠༡༩ ཟླ་ ༢ ཚེས་ ༡༨ རེས་གཟའ་ཟླ་བ། 

༄༅། །འདི་གར་ཤེས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། དབུས་བོད་སློབ་འཛིན་ཚོགས་ཀྱི་གཏན་སློབ་ཁག་གཉིས་གྱི་ནང་རེག་ཊར་ Rector ས་མིག་ཡོད་པས་ཆ་རྐྱེན་ཚང་ཞིང་ཞུགས་བློ་ཡོད་རིགས་ནས་དགོས་མཁོའི་ལག་ཁྱེར་ཡིག་ཆ་ཁག་གཤམ་གསལ་ཞལ་བྱང་ཐོག་ཕྱི་ལོོ་ ༢༠༡༩ ཟླ་ ༣ ཚེས་ ༢༥ འགྱངས་མེད་འཚང་སྙན་འབུལ་དགོས། ཆ་རྐྱེན་ཚང་བའི་སྙན་འབུལ་ཁག་ལ་ངག་རྒྱུགས་ཀྱི་ལམ་ནས་འདེམས་སྒྲུག་དང་འདི་ནས་རྒྱབ་གཉེར་ཞུས་ཏེ་དབུས་བོད་སློབ་འཛིན་ཚོགས་ནས་མཐའ་མའི་འདེམས་སྒྲུག་བྱས་ཏེ་ཞབས་གཡར་ཐོག་བསྐོ་གཞག་གནང་རྒྱུ་ཡིན།

ཀ༽  དགོས་ངེས་ཆ་རྐྱེན།

       ༡)     ཉུང་མཐར་ཉེ་བའི་གཙུག་ལག་རབ་འབྱམས་པ་ཐོན་པ་འམ། ཡང་ན་ངོས་འཛིན་ཡོད་པའི་གཙུག་ལག་སློབ་གཉེར་ཁང་ཞིག་ནས་དེ་དང་མཉམ་པའི་ཤེས་ཚད་ཡོད་པའི་ལག་ཁྱེར་གྱི་ངོ་བཤུས།

       ༢)    ཉུང་མཐར་འཛིན་སྐྱོང་གི་ཉམས་མྱོང་ལོ་བདུན་ཡོད་པའི་ཡིག་ཆའི་ངོ་བཤུས། སློབ་གྲྭའི་འཛིན་སྐྱོང་ངམ་སློབ་ཁྲིད་ཐོག་ཉམས་མྱོང་ཡོད་རིགས་ལ་དམིགས་བསལ་དགོངས་བཞེས་གནང་རྒྱུ།

       ༣)    རང་ལོ་ ༣༠ ནས་ ༤༥ བར་ཡིན་པའི་སྐྱེས་ཚེས་ལག་ཁྱེར་གྱི་ངོ་བཤུས།

       ༤)    ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༣༡ བར་འབུལ་འབབ་གཙང་འབུལ་ཞུས་པའི་དཔྱ་ཁྲལ་ལག་དེབ་ཀྱི་ངོ་བཤུས།

       ༥)    ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༣༡ བར་དུས་འགྱངས་ཞུས་པའི་བོད་མིའི་སྐྱབས་བཅོལ་ལག་འཁྱེར་གྱི་ངོ་བཤུས།

       ༦)    ངོས་འཛིན་ཡོད་པའི་སྨན་པ་ཞིག་ནས་གཟུགས་ཐང་ལས་འཕེར་ཡིན་པའི་སྨན་པའི་ངོས་སྦྱོར་ངོ་མ།

       ༧)    ད་ལྟ་སྡེ་ཚན་གང་རུང་དུ་ལས་ཞབས་ཞུ་མུས་ཡིན་ཚེ་ལས་ཡུལ་ནས་དགག་བྱ་མེད་པའི་ངོས་སྦྱོར་ངོ་མ།

       ༨)    བོད་ཀྱི་སྐད་ཡིག་དང་། རིག་གཞུང་། རྒྱལ་རབས། ལུགས་སྲོལ་སོགས་ཀྱི་ཐད་ཤེས་ཚད་གང་ལེགས་ཡོད་པ།

       ༩)    ཨིན་སྐད་དམ། ཧིན་སྐད་གང་རུང་ཐོག་རང་རྐྱ་འཕེར་ངེས་ཡོད་པ།

ཁ༽  གསོལ་ཕོགས་དང་ཐོབ་ཐང།

       ༡)     དབུས་བོད་སློབ་འཛིན་ཚོགས་ཀྱི་སྒྲིག་གཞི་ལྟར་རྩ་ཕོགས་སྒོར་ ༩༣༠༠་༠༠ – ༣༤༨༠༠་༠༠ + གནས་རིམ་ཕོགས་སྒོར་ ༤༢༠༠་༠༠ ཐོག་ཡུལ་ཐང་གུན་གསབ་བཅས་འཐོབ་རྒྱུ།

       ༢)    ཐོབ་ཐང་གཞན་རྣམས་སྒྲིག་གཞི་ལྟར་འཐོབ་རྒྱུ།

གོང་གསལ་ལག་ཁྱེར་དང་ཡིག་ཆ་ཁག་གི་ངོ་བཤུས་ཐོག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་གང་རུང་གི་ཟུང་དྲུང་ཡན་དང་། ས་གནས་འགོ་འཛིན། ཡང་ན་བོད་མིའི་སློབ་གྲྭའི་སློབ་སྤྱི་བཅས་གང་རུང་གིས་ངོ་བཤུས་ཡིག་ཆ་ཁག་དངོས་བདེན་ཡིན་པའི་དག་མཆན་ངེས་པར་དུ་འཁོད་དགོས་པ་བཅས་ཀྱི་གསལ་བསྒྲགས་སུ། ཤེས་རིག་ལས་ཁུངས་ནས། ཕྱི་ལོ་ ༢༠༡༩ ཟླ་ ༢ ཚེས་ ༡༨ ལ།།

SECRETARY

Department of Education, CTA

Gangchen Kyishong, Dharamsala – 176 215

District Kangra (H.P.) INDIA

Tel: 01892-222572 / 222721

E-mail: [email protected] / [email protected]

Website: www.sherig.org

Share with your friends










Submit