ཟླ་བ་ ༢ ཚེས ༡༣ ༢༠༡༩
Published By སྐལ་བཟང་བདེ་སྐྱིད།

ཕྱི་ལོ་ ༢༠༡༩ ཟླ་ ༢ ཚེས་ ༡༣ རེས་གཟའ་ལྷག་པ། 

༄༅། །འདི་གར་ཧར་པ་སྤུར་འདོད་རྒུ་གཡུལ་རྒྱལ་གླིང་ས་གནས་འགོ་འཛིན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༩ ཟླ་ ༢ ཚེས་ ༨ རེས་གཟའ་པ་སངས་ཉིན་རྒྱབ་ཆུ་ཚོད་ ༢།༣༠ ཐོག་ལ་ཁན་ཝ་ལ་ས་གནས་འཕྲོད་བསྟེན་སྨན་ཁང་དབུ་འབྱེད་ཀྱི་མཛད་སྒོ་ཞིག་ཚོགས་འདུག 

དེ་ཡང་གོང་ཚེས་ཉིན་གྱི་མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་དང་། དམིགས་བསལ་སྐུ་མགྲོན་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་རྣམ་གཉིས་ཆེད་ཕེབས་གནང་ཡོད། སྐབས་དེར་ས་གནས་ཀྱི་གནད་ཡོད་མི་སྣས་གཙོས་མང་ཚོགས་རྣམས་ནས་དཀར་གཙང་མཇལ་དར་གྱིས་ཕེབས་བསུའི་འཚམས་ཞུས་པ་དང་། དེ་རྗེས་སྐུ་མགྲོན་རྣམ་གཉིས་ནས་ས་གནས་འཕྲོད་བསྟེན་སྨན་ཁང་དབུ་འབྱེད་གནང་སྟེ་༸རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་སྒྲོན་འབུལ་ཞུས་རྗེས་སྣང་གསལ་མར་མེ་ཞལ་ཕྱེ་གནང་བསྟུན་སྨན་ཁང་དང་། དེ་བཞིན་ས་གནས་འགོ་འཛིན་ལས་ཁུངས་དང་རང་བདེན་ཚོགས་ཆུང་ལས་ཁུངས་བཅས་སུ་གཟིགས་ཞིབ་གནང་ཡོད། 

དེ་རྗེས་གཞིས་སྤྱི་མི་མང་ཚོགས་ཁང་དུ་སྐུ་མགྲོན་རྣམ་པ་དང་། མང་ཚོགས་རྣམས་ལ་རྟེན་འབྲེལ་གསོལ་ཇ་འབྲས་བསིལ་འདེགས་འབུལ་ཞུས་པ་དང་སྦྲགས་ས་གནས་འགོ་འཛིན་ཚེ་དབང་ཕུན་ཚོགས་ལགས་ཀྱིས་ཕེབས་བསུའི་གསུང་བཤད་དང་། སྨན་ཁང་ལས་འཆར་དེའི་རོགས་དངུལ་ཡོང་ཁུངས་སོགས་སྔ་ཕྱི་བར་གསུམ་གྱི་བརྒྱུད་རིམ་ངོ་སྤྲོད་དང་སྦྲགས་འབྲེལ་ཡོད་ཚང་མར་ཐུགས་རྗེ་ཆེ་ཞུས་འདུག

དེ་ནས་སྐུ་མགྲོན་གཙོ་བོ་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་གིས་མི་མང་ཚོར་ས་ཕག་ལོའི་ལོ་གསར་གྱི་འཚམས་འདྲི་དང་སྦྲགས་སྨན་ཁང་གསར་པ་ལེགས་གྲུབ་བྱུང་འདུག་ཀྱང་མང་ཚོགས་རྣམས་ཀྱིས་དུས་རྒྱུན་དུ་སོ་སོའི་སྒོ་གསུམ་གྱི་སྤྱོད་པར་བག་ཡོད་བསྟན་པ་ཡིན་ན་ནད་རིགས་སོགས་སྔོན་འགོག་ཐུབ་ཐབས་ལ་འབད་འབུངས་བྱས་པ་བརྒྱུད་སྨན་ཁང་དུ་ཇི་ཙམ་ཕེབས་མི་དགོས་པའི་འབད་བརྩོན་གང་ཡོད་གནང་དགོས་པའི་འབོད་སྐུལ་གནང་བ་དང་།   ང་ཚོ་བཙན་བྱོལ་ནང་བོད་མི་ཉུང་ཤས་ལས་མེད་སྟབས་མི་གཅིག་འཕྲོག་བརླག་ཕྱིན་ཡང་ཧ་ཅང་ཕངས་པོ་ཡིན་སྐོར། ལྷག་པར་དུ་མི་མང་ཚོས་བཙན་བྱོལ་བོད་མིའི་སྨན་བཅོས་ལྟ་སྐྱོང་གི་ལས་གཞིར་མཉམ་ཞུགས་ཀྱིས་རང་ཉིད་དངོས་སུ་ནད་མནར་མ་བྱུང་ཡང་བོད་མི་ཉམ་ཐག་གཞན་ཚོར་ཕན་རླབས་ཆེན་པོ་ཡོད་སྟབས་དགེ་བའི་ལས་ཤིག་ཆགས་རྒྱུ་ཡིན་སྐོར་སོགས་ཀྱི་གསུང་བཤད་གནང་། 

དེ་རྗེས་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་དབང་མོ་ལགས་ཀྱིས་ས་གནས་ཀྱི་ངོ་སྤྲོད་མདོར་བསྡུས་དང་། རང་ཚོགས་ཀྱི་ཚོགས་གཙོ་བསོད་ནམས་ཚེ་རིང་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་མཛད་སྒོ་རྒྱལ་ཁའི་ངང་གྲུབ་ཡོད་པ་བཅས། ། 

 

Share with your friends










Submit