ཟླ་བ་ ༢ ཚེས ༤ ༢༠༡༩
Published By ngawang thokmey

ཕྱི་ལོ་ ༢༠༡༩ ཟླ་ ༢ ཚེས་ ༤ རེས་གཟའ་ཟླ་བ།

༄༅། །བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་འཆར་ལ་ཉེ་བའི་བོད་ཀྱི་ལོ་གསར་ལ་གཞིས་བྱེས་བོད་མི་ཡོངས་ལ་འཚམས་འདྲི་གནང་དོན། བོད་རྒྱལ་ལོ་ ༢༡༤༦ རབ་གནས་ས་ཕག་ལོའི་གནམ་ལོ་གསར་དུ་བཞད་པའི་དགའ་སྟོན་ལ་ངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་གཞིས་བྱེས་གཉིས་ལ་བཞུགས་པའི་བོད་རིགས་སྤུན་ཟླ་ཡོངས་ལ་མཛའ་ཞིང་བརྩེ་བའི་ཐོག་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུས་པ་དང་སྦྲགས། གཙོ་བོ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་གཞི་རྩར་འཛིན་པའི་ཐོག་ནས་བོད་སྤྱི་པའི་རྩ་དོན་ཆེད་དུ་ང་ཚོས་ཕྱག་ལས་ཇི་ལྟར་གནང་དགོས་རྒྱུའི་ཐད་བོད་མི་རྣམས་རྡོག་རྩ་གཅིག་ཏུ་སྒྲིལ་ནས་ནུས་པ་མཉམ་དུ་སྤུངས་གནང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད།
དེ་སྔོན་ཕྱི་རྒྱལ་ཡུལ་མི་རྣམས་ཀྱིས་བོད་མི་རྣམས་ས་གནས་གང་དུ་ཕྱིན་ཡང་ཡ་རབས་དང་། གཤིས་སྤྱོད་ལེགས་པོ་འདུག ཅེས་བསྔགས་བརྗོད་བྱེད་ཀྱི་ཡོད། བར་ལམ་ནས་བོད་མི་འགའ་རེའི་བྱེད་བབ་ལ་བརྟེན་ནས་ད་ཆ་ཕྲན་བུ་ཉམས་ཆག་ཕྱིན་འདུག ཅེས་བརྗོད་མཁན་ཡང་འདུག
 ཉམས་ཆག་འགྲོ་ཡི་འདུག ཅེས་བརྗོད་པ་དེ་ནི་ང་ཆོའི་ཞན་ཆ་ཡིན། གང་ལྟར་ང་ཚོ་བོད་མི་རྣམས་ནས་བཟང་སྤྱོད་ཐོག་མདུན་སྐྱོད་བྱེད་དགོས། ང་ཚོ་གང་དུ་ཕེབས་ཀྱང་བོད་མི་རྣམས་ཡག་པོ་དང་། བཟང་སྤྱོད་ལྡན་ཞིང་། སེམས་པ་བཟང་པོ་ཡོད་པ་བཟོ་དགོས་རྒྱུ་གནད་འགག་ཆེན་པོ་རེད།
དེས་བོད་ཀྱི་རྩ་དོན་ཐད་ཕན་ཐོགས་ཆེན་པོ་ཡོད། དེ་མིན་རྩ་དོན་སྒྲུབ་ཐབས་སླད་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་གཞི་ལ་བཟུང་བའི་ཐོག་ནས་ནུས་པ་མཉམ་སྤུངས་ཇི་ལྟར་གནང་དགོས་པ་དང་། འགྲོ་བ་མིའི་རིགས་ལ་ནུས་པ་འདྲ་མིན་ཡོད་པ་ལྟར་སོ་སོའི་ངོས་ནས་ནུས་པ་གསར་པ་ཇི་ལྟར་སྟོན་དགོས་པའི་ཐོག་དགོངས་པ་བཞེས་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད།  ས་ཕག་ལོ་འདིའི་ནང་བོད་རིགས་སྤྲུན་ཟླ་ཡོངས་རྫོགས་དབར་འཆམ་མཐུན་དང་། དགའ་ཞིང་སྤྲོ་བའི་ངང་ནས་ལོ་འདི་ཆ་ཚང་འགྲོ་ཐུབ་པའི་རེ་བ་དང་ཡིད་ཆེས་ཞུ་བཞིན་ཡོད། ཅེས་གསུངས།

Share with your friends










Submit