ཟླ་བ་ ༢ ཚེས ༢༤ ༢༠༡༩
 གསར་ལས་ཁང་གི་གསར་འགོད་པས།

༢༠༡༩ ཟླ་ ༢ ཚེས་ ༢༣ རེས་གཟའ་ཉི་མ།

༄༅། །དུས་བབ་གསར་ལས་ཁང་གིས་གནས་ཚུལ་སྤེལ་བའི་ནང་འཁོད་དོན།   རྒྱ་ནག་གཞུང་གིས་སངས་རྒྱས་སྟོང་གི་བྲག་ཕུག་སོགས་ཀྱི་ནང་ཡོད་པའི་ནང་པའི་སྐུ་བརྙན་རྣམས་གཏོར་དགོས་པ་མ་ཟད་ཆོས་ལུགས་ཀྱི་མཚོན་དོན་ལྡན་པའི་ཅ་དངོས་རྣམས་མེད་པ་བཟོ་དགོས་པའི་བཀའ་ཁྱབ་བསྒྲགས་ཏེ་ལག་བསྟར་བྱས་ཡོད་འདུགཟླ་འདིའི་ཕྱི་ཚེས་ ༢༠ ཉིན་བྷི་ཊར་ཝིན་ཊར་(Bitter Winter) ཞེས་པའི་རྒྱ་ནག་གི་ཆོས་ལུགས་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་དུས་དེབ་ཁང་ཞིག་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་འདས་པའི་ལོ་དུ་མའི་རིང་ནས་རྒྱ་ནག་ཁྱོན་ཡོངས་ནང་ཡོད་པའི་ཆོས་ལུགས་ཀྱི་སྐུ་བརྙན་རིགས་གཏོར་བཤིག་གཏོང་བའི་བྱ་འགུལ་ཞིག་ལག་བསྟར་བྱེད་བཞིན་ཡོད་པ་དང། ཐ་ན་རྒྱལ་ཁབ་ཀྱི་རིག་དངོས་སྲུང་སྐྱོབ་ཀྱི་ཁོངས་སུ་ཡོད་པའི་ནང་པའི་སྐུ་བརྙན་རིགས་ཀྱང་མེད་པར་བཟོ་བཞིན་ཡོད་སྐོར་བརྗོད་པའི་ནང་། འདས་ལོའི་ཕྱི་ཟླ་ ༩ པའི་ནང་། རྒྱ་ནག་གི་ཤར་བྱང་ཁུལ་དུ་ཡོད་པའི་ལོ་ལིན་ཞིང་ཆེན་(Liaoning)སྲིད་གཞུང་གིས་བཀའ་རྒྱ་བསྒྲགས་ཏེ། ལོ་ལིན་ཀྲོང་ཧི་(Zhunghe) རྫོང་ཁོངས་སུ་ཡོད་པའི་ལོ་ངོ་ ༡༠༠༠ མ་ཟིན་ཙམ་གྱི་ལོ་རྒྱུས་ལྡན་ཞིང་། རིག་དངོས་སྲུང་སྐྱོབ་ཀྱི་ཁོངས་སུ་ཚུད་པའི་སངས་རྒྱས་སྟོང་སྐུའི་བྲག་ཕུག་གི་ཕྱི་ལོགས་སུ་ཡོད་པའི་སྐུ་བརྙན་རྣམས་མཐོ་དྲགས་པ་དང་། ས་སྟོང་དུ་བཞེངས་ཡོད་པ་སོགས་འཛུགས་སྐྲུན་གྱི་སྒྲིག་ཁྲིམས་དང་འགལ་ཡོད་སྐོར་བརྗོད་དེ། མཐོ་ཚད་སྨི་ ༡༠ ཡན་ཆད་ཀྱི་སྐུ་བརྙན་རྣམས་གཏོར་དགོས་པ་མ་ཟད། ནང་བསྟན་ཆོས་ལུགས་ཀྱི་ནང་དོན་ཡོད་པའི་མཚོན་རྟགས་རྣམས་ཀྱང་མེད་པ་བཟོས་ཏེ། ཆོས་དར་གྱི་ཚབ་ལ་རྒྱ་ནག་གི་རྒྱལ་དར་བཤམ་དགོས་སྐོར་བཀའ་བཏང་ཡོད་སྟབས། བྲག་ཕུག་ནང་ལོགས་ཀྱི་སྐུ་བརྙན་རྣམས་རས་དམར་པོ་ཞིག་གིས་བཏུམས་པ་དང་། བྲག་ཕུག་ཕྱི་ལོགས་ཀྱི་སྐུ་བརྙན་མང་པོ་ཞིག་གཏོར་ཡོད་འདུགཡང་བྷི་ཊར་ཝིན་ཊར་(Bitter Winter)གྱིས་སྤེལ་བའི་གནས་ཚུལ་དེའི་ནང་། སྐབས་དེར་ཏ་ལིན་གྲོང་ཁྱེར་སྲིད་གཞུང་གིས་ཡུལ་སྐོར་བ་མང་པོ་འདུ་སའི་ཅུའུ་ཧྭ་རི་བོའི་(Mount Jiuhua) སངས་རྒྱས་ཀྱི་སྐུ་བརྙན་ཆེན་པོ་དེ་གཞུང་གི་ཆོག་མཆན་གཞིར་བཟུང་བརྒྱབས་མེད་པར་བསྙད་དེ། སྐུ་བརྙན་གྱི་མཐར་ཨར་འདམ་གྱི་གྱང་ར་མཐོ་བོ་བརྩིགས་ཏུ་བཅུག་སྟེ་མཇལ་རྒྱུ་མེད་པར་བཟོས་ཡོད་འདུགསྙན་གྲགས་ཆེ་བའི་སངས་རྒྱས་སྟོང་སྐུའི་བྲག་ཕུག་ནི་ཕྱི་ལོ་ ༩༠༧ ནས་ ༡༢༣༤ བར་གྱི་ཅིན་རྒྱལ་རབས་སྐབས་བཞེངས་ཡོད་པ་དང་། རིག་གནས་གསར་བརྗེའི་སྐབས་གཏོར་བཤིག་ཚབས་ཆེན་བཏང་ཡོད་ཀྱང་། ཕྱི་ལོ་ ༢༠༠༠ ལོར་ནང་པའི་རྗེས་འཇུག་པ་ཚོས་ཞལ་འདེབས་ཕུལ་བ་བརྒྱུད་རྒྱ་སྒོར་ས་ཡ་མང་པོ་བཏང་སྟེ་བསྐྱར་གསོ་བྱས་ཡོད་པ་དང་། ཕྱི་ལོ་ ༢༠༠༡ ཟླ་ ༣ པའི་ནང་ཏ་ལིན་གྲོང་འཁྱེར་(Dalian City) སྲིད་གཞུང་གིས་གྲོང་འཁྱེར་རིམ་པའི་ལོ་རྒྱུས་ཤུལ་བཞག་རིག་དངོས་སུ་(Historical and Cultural Site Protected at the Municipal Level)ངོས་འཛིན་བྱས་ཡོད་འདུག ཡིན་ནའང་། འདས་ལོར་ས་གནས་སྲིད་གཞུང་གིས་ཆེད་དུ་ལས་མི་བསྡུས་ཏེ་སྐུ་བརྙན་རྣམས་བཤིག་དགོས་སྐོར་བརྗོད་དུས། ལས་མི་ཚོས་རང་ཉིད་ལ་རྣམ་སྨིན་འཁོར་སྲིད་སྐོར་བརྗོད་དེ་བཀའ་མངགས་དང་ལེན་བྱས་མེད་པ་དང་། ཕྱིས་སུ་སྲིད་གཞུང་གིས་སངས་རྒྱས་སྟོང་སྐུའི་བྲག་ཕུག་གི་དཀོར་གཉེར་བ་ཀྲང་(Zhang) ཞེས་པ་ཞིག་ལ་ལས་མི་བསྡུ་རུ་བཅུག་སྟེ་སྐུ་བརྙན་རྣམས་གཏོར་དུ་བཅུག་ཡོད་འདུགགཞན་ཡང་། འདི་ལོའི་ཕྱི་ཟླ་ ༡ ཚེས་ ༤ ཉིན། ཧུའུ་པའེ་ཞིང་ཆེན་(Hubei)གྱི་ཀང་ཧེ་(Guangshui) གྲོང་འཁྱེར་སྲིད་གཞུང་གི་སྒྲིག་ཁྲིམས་ཞིབ་བཤེར་གྱི་འབྲེལ་ཡོད་ལས་བྱེད་བཅུ་གྲངས་ཤིག་ས་གནས་དེའི་ཙུ་ཧྲི་(Zushi) དགོན་པར་བསླེབས་ཏེ།  དགོན་པའི་སྐུ་བརྙན་རྣམས་རྩ་གཏོར་བཏང་ཡོད་པ་མ་ཟད། གལ་ཏེ་དགོན་པའི་དཀོན་གཉེར་སོགས་ཀྱིས་ཐེ་བྱུས་བྱས་ཚེ་བཙོན་འཇུག་བྱ་རྒྱུ་ཡིན་པའི་ཉེན་བརྡ་ཡང་བཏང་ཡོད་འདུག

ཡང་འདས་ལོར་རྒྱ་ནག་དབུས་གཞུང་གིས་ཧི་ནན་ཞིང་ཆེན་(Henan) ལུའོ་ཡང་(Luoyang ) གྲོང་འཁྱེར་སྲིད་གཞུང་ལ་བཀའ་ཁྱབ་བསྒྲགས་ཏེ། ཁུལ་དེའི་ལའོ་ཅུན་རི་བོར་(Laojun Mountain) རྒྱ་ནག་གི་སྲོལ་རྒྱུན་ཆོས་ལུགས་ཏའོ་(Daoism)ཡི་སྲོལ་འབྱེད་པ་ལའོ་ཙིའི་ཟངས་སྐུ་ཧ་ཅང་ཆེན་པོ་ཞིག་ཡོད་པ་དེ་གཞུང་གི་ཆོག་མཆན་གཞིར་བཟུང་བཞེངས་མེད་པས་རས་གོས་ཀྱིས་བཏུམ་དགོས་སྐོར་བརྗོད་ཡོད་པ་ལྟར། འདས་ལོའི་ཕྱི་ཟླ་ ༡༠ ཚེས་ ༡༡ ཉིན་དགོན་པའི་དཀོན་གཉེར་བས་ལའོ་ཙིའི་སྐུ་བརྙན་དེ་རས་གོས་སེར་པོས་གཡོགས་ཡོད་པ་མ་ཟད། ལའོ་ཙིའི་རིག་དངོས་སྐྱེད་ཚལ་ཡང་སྒོ་བརྒྱབས་ཏེ་མཇལ་བ་རྣམས་ཡོང་མ་ཆོག་པར་བཟོས་ཡོད་འདུག

Share with your friends










Submit