ཕྱི་ལོ་ ༢༠༡༩ ཟླ་ ༢ ཚེས་ ༡༡ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༢ ཚེས་ ༧ རེས་གཟའ་ཕུར་བུའི་ཉིན་ལྷོ་ཨ་ཕི་རི་ཀའི་གྲོས་ཚོགས་སུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ ༢༠༡༩ རྒྱལ་ཡོངས་ཚོགས་ཆེན་སོ་ན་(SONA) ཞེས་པར་མཉམ་ཞུགས་གནང་འདུག ཚོགས་ཆེན་མ་འཚོགས་གོང་ཕེབས་བསུའི་མཛད་སྒོའི་ཐོག་མང་གཙོ་མནའ་འབྲེལ་ཚོགས་པའི་འགོ་ཁྲིད་དང་ཕྱོགས་འགལ་ཚོགས་པའི་སྐུ་ཞབས་ Mmusi Maimane ལགས་ཀྱིས་ཆབ་སྲིད་མི་སྣ་ཁག་དང་། རྒྱབ་སྐྱོར་བ། དེ་བཞིན་སྐུ་མགྲོན་གཞན་རྣམས་ལ་དཔལ་ལྡན་སྲིད་སྐྱོང་མཆོག་ངོ་སྤྲོད་གནང་འདུག
ཕྱི་ཚེས་ ༨ རེས་གཟའ་པ་སངས་ཉིན་གྱི་སྔ་དྲོ་མང་གཙོ་མནའ་འབྲེལ་ཚོགས་པས་བོད་རྒྱ་གཉིས་ཀྱི་འབྲེལ་བ་གཞིར་བཟུང་སྟེ། རྒྱལ་སྤྱི་དང་རྒྱལ་ཞེན་རིང་ལུགས། དེ་བཞིན་གུ་ཡངས་རིང་ལུགས་བཅས་བརྗོད་གཞི་གཙོ་བོ་གསུམ་གྱི་ཐོག་ལ་གཏམ་གླེང་ལས་རིམ་ཞིག་གོ་སྒྲིག་གནང་ཡོད་འདུག སྐབས་དེར་མང་གཙོ་མནའ་འབྲེལ་ཚོགས་པའི་ (Chief Whip) སྐུ་ཞབས་John Henry Steenhuisen ལགས་ཀྱིས་གཙོས་གྲོས་ཚོགས་འཐུས་མི་ཁག་གཅིག་དང་། གཞན་ཡང་དོན་གཉེར་ཅན་གྱི་མཁས་དབང་ཁག་གཅིག་བཅས་ཀྱིས་དོ་སྣང་ཧ་ཅང་གནང་བ་མ་ཟད། དྲི་བ་བཏོན་པ་རྣམས་ལ་སྲིད་སྐྱོང་མཆོག་གིས་སྐབས་བསྟུན་ལན་འདེབས་གསལ་བཤད་ཞིབ་ཕྲ་གནང་འདུག
དེ་ནས་གྲོས་ཚོགས་འཐུས་མི་རྣམས་ཀྱིས་བོད་ཀྱི་ཛ་དྲག་གནས་སྟངས་ཐོག་གདུང་སེམས་མཉམ་སྐྱེའི་རྒྱབ་སྐྱོར་ཤུགས་ཆེ་གནང་བ་དང་། ཕྱོགས་མཚུངས་རྒྱ་ནག་གཞུང་གི་གནོན་ཤུགས་ཇི་ཙམ་ཡོད་མེད་ལ་མ་ལྟོས་པར་བོད་ཀྱི་གནད་དོན་ཐོག་རྒྱལ་སྤྱིའི་ཁྱོན་ནས་རྒྱབ་སྐྱོར་ཐོབ་ཐབས་ཆེད་འབད་བརྩོན་ཤུགས་ཆེ་གནང་བར་དགའ་བསུ་རྒྱ་ཆེ་ཞུས་འདུག་པ་བཅས།