ཟླ་བ་ ༢ ཚེས ༦ ༢༠༡༩
Published By ngawang thokmey

༢༠༡༩ ཟླ་ ༢ ཚེས་ ༦ རེས་གཟའ་ལྷག་པ།

༄༅། །བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ལྷོ་ཨ་ཕི་རི་ཀའི་ནང་གཞུང་འབྲེལ་ཕྱོགས་ཕེབས་ཐེངས་གཉིས་པ་གནང་གཏན་འཁེལ་འདུག དེ་ཡང་ལྷོ་ཨ་ཕི་རི་ཀའི་སྐུ་ཚབ་དོན་ཁང་གིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་འཁོད་དོན་ལྟར་ན། ཐེངས་འདིར་སྲིད་སྐྱོང་མཆོག་མང་གཙོ་སྣ་སྦྲེལ་ཚོགས་པའི་སྐུ་མགྲོན་དུ་ཡུལ་དེའི་ནང་ ༢༠༡༩ སོ་ན་ལྷན་ཚོགས་ SONA 2019 སུ་མཉམ་ཞུགས་གནང་རྒྱུ་ཡིན་འདུག

དེ་ཡང་སྲིད་སྐྱོང་མཆོག་གིས་གསར་འགོད་གསལ་བསྒྲགས་དེའི་ནང་གསུང་དོན་་ “ང་རང་ཐེངས་འདིར་ལྷོ་ཨ་ཕི་རི་ཀའི་ནང་གཞུང་འབྲེལ་ཕྱོགས་སྐྱོད་ཐེངས་གཉིས་པ་ཆགས་ཡོད།  ཐེངས་འདིར་སླར་ཡང་ཡུལ་དེའི་ནང་འགྲོ་རྒྱུའི་གོ་སྐབས་ཐོབ་པར་ང་རང་དགའ་སྤོབས་དང་ཆེ་མཐོང་ཧ་ཅང་ཐོབ་པ་ཞིག་བྱུང་། བོད་མི་ཚོས་འཚེ་མེད་ཞི་བའི་ལྟ་གྲུབ་གཞིར་བཟུང་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་། རང་དབང་བཅས་འཐབ་རྩོད་བྱེད་བཞིན་པར་ལྷོ་ཨ་ཕི་རི་ཀའི་ཡུལ་གྱིས་རྒྱབ་སྐྱོར་གནང་བ་དེ་ནི་བོད་མིའི་སྙིང་སྟོབས་འཕེལ་གཞི་ཞིག་ཏུ་གྱུར་ཡོད།” ཅེས་གསུངས། 

དེ་ཡང་སྲིད་སྐྱོང་མཆོག་ཟླ་ ༢ ཚེས་ ༥ ནས་ ༩ བར་ཡུལ་དེའི་ཆབ་སྲིད་ཚོགས་པ་འདྲ་མིན་གྱི་གྲོས་ཚོགས་འཐུས་མི་མཇལ་འཕྲད་གནང་ནས་བོད་དོན་རྒྱབ་སྐྱོར་གྱི་ནུས་ཤུགས་སྔར་བས་ཇེ་ཆེར་གཏོང་ཐབས་གནང་རྒྱུ་དང་།  ལྷག་པར་ཤེས་ལྡན་མི་སྣ་དང་གསར་འགོད་པ། བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་བཅས་དང་མཇལ་འཕྲད་ཀྱིས་བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན་འདུག

དེ་ཡང་ལྷོ་ཨ་ཕི་རི་ཀའི་སྐུ་ཚབ་དོན་ཁང་གིས་གསར་འགོད་གསལ་བསྒྲགས་དེའི་ནང་འཁོད་དོན་ལྟར་ན། སྲིད་སྐྱོང་བློ་བཟང་སེངྒེ་མཆོག་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ལུགས་དང་།  མང་གཙོའི་རྩ་ཁྲིམས།  དེ་བཞིན་རྒྱལ་སྤྱིའི་རྩོད་རྙོག་འདུམ་འགྲིག་སྐོར་མཁྱེན་རྒྱ་ཡངས་ཤིང་། ༢༠༠༣ དང་ ༢༠༠༩ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་རྒྱ་རིགས་མཁས་དབང་དབར་བགྲོ་གླེང་ཐེངས་གཉིས་གོ་སྒྲིག་ཞུས་པས་མཚོན།  བོད་མི་དང་རྒྱ་མི་རིགས། དེ་བཞིན་རྒྱ་གར་བ་བཅས་དབར་ཧར་ཝཌ་མཐོ་སློབ་ཏུ་བོད་རྒྱའི་གནད་དོན་སྐོར་གྱི་བཞུགས་མོལ་ཚོགས་ཆེན་ཐེངས་འགའ་ཤས་གོ་སྒྲིག་ཞུས་མྱོང་ཡོད་འདུག

༢༠༡༡ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མིའི་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་མང་གཙོའི་ལམ་ནས་འོས་འདེམས་བྱུང་བ་བློ་བཟང་སེངྒེ་མཆོག་ལ་བརྩིས་སྤྲོད་མཛད་པ་རེད། སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་སྲིད་སྐྱོང་གི་ལས་ཡུན་ཐེངས་གཉིས་པའི་སྐབས་རེད། ཅེས་སོགས་འཁོད་འདུག

དེ་ཡང་སྲིད་སྐྱོང་མཆིག་གིས་གསར་འགོད་གསལ་བསྒྲགས་དེའི་ནང་གསུང་དོན། “རྒྱ་མི་ཚོ་ཐོག་མར་བོད་དུ་ཡོང་སྐབས་བོད་ནང་གཞུང་ལམ་གསར་བཟོ་བྱ་རྒྱུ་སོགས་མི་དམངས་ཀྱི་ཞབས་འདེགས་ཡིན་ཁུལ་བྱས་ནས་རྒྱ་མིའི་དམག་མི་ཚོར་ས་གནས་བོད་མི་ཚོས་མཐུན་འགྱུར་ཞུ་དགོས་པའི་འབོད་སྐུལ་ཡང་བྱས་ཡོད། བོད་དུ་འཛུགས་སྐྲུན་ཡར་རྒྱས་བཏང་ཟིན་མཚམས་རྒྱ་མིའི་དམག་མི་ཚོ་བོད་དུ་སྡོད་རོགས་བརྗོད་ཀྱང་བསྡད་རྒྱུ་མ་རེད་ཟེར་བའི་སྐད་ཆ་དེ་འདྲ་བཤད་པ་བྱུང་ཡོད། འོན་ཀྱང་དོན་དངོས་ནི་དེ་ལས་ལྡོག་སྟེ་བོད་དུ་རྒྱ་མིའི་དམག་མི་དང་མེ་སྒྱོགས། མེ་མདའ་སོགས་འོར་འདྲེན་བྱས་ནས་བོད་ས་ཡོངས་རྫོགས་བཙན་བཟུང་བྱས་པ་རེད། འདི་ནི་ང་ཚོས་རྒྱ་ནག་དང་ལྷན་འབྲེལ་བ་བྱས་པའི་རྗེས་འབྲས་ཀྱི་ཉམས་མྱོང་བསགས་པ་རེད། དེར་བརྟེན་ང་ཚོས་ལྷོ་ཨ་ཕི་རི་ཀས་གཙོས་ཨ་ཕི་རི་ཀའི་རྒྱལ་ཁབ་ཁག་གིས་རྒྱ་ནག་དང་འབྲེལ་བ་གནང་སྐབས་ཉམས་མྱོང་དེ་དག་རྒྱུས་མངའ་ཡོད་པའི་ཐོག་ནས་འབྲེལ་བ་གནང་རོགས་ཞུ་རྒྱུ་ཡིན། ” ཞེས་གསུངས།

དེ་ཡང་གསར་འགོད་པས་སྲིད་སྐྱོང་མཆོག་ལ་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་བསྐྱར་གསོ་ཡོང་ཐུབ་པའི་རེ་བ་ཇི་ལྟར་གནང་བཞིན་ཡོད་སྐོར་དྲིས་པར་་སྲིད་སྐྱོང་མཆོག་གིས་ “སྐུ་ཞབས་མན་ཌེ་ལ་མཆོག་ལོ་ངོ་ ༢༧ རིང་བཙོན་དུ་བཞུགས་པ་རེད། ཁོང་གི་གནས་སྟངས་དང་ལྷོ་ཨ་ཕི་རི་ཀའི་གནས་སྟངས་ལ་བཟང་ཕྱོགས་ཀྱི་འགྱུར་བ་དེ་ལྟ་བུ་ཞིག་ཡོང་རྒྱུ་རེད་བསམ་པ་སུ་གཅིག་གི་བསམ་བློར་འཁོར་མེད། དེར་བརྟེན་སྐུ་ཞབས་མན་ཌེ་ལ་དམ་པ་ཁོང་དང་ལྷོ་ཨ་ཕི་རི་ཀའི་ལོ་རྒྱུས་ཀྱི་འཕེལ་རིམ་ལ་བརྟེན་ནས་ང་ཚོ་བོད་མི་ཚོ་ལའང་བློ་སྟོབས་སྤེལ་བཞིན་འདུག  དེ་སྔ་ང་རང་ཧར་ཝཌ་མཐོ་སློབ་ཏུ་ཡོད་སྐབས་སྐུ་ཞབས་ནེལ་སན་མན་ཌེ་ལ་མཆོག་དང་ད་ལྟའི་ཡུལ་དེའི་སྲིད་འཛིན་སི་རེལ་ར་མ་པོ་ས་མཆོག་གི་གསུང་བཤད་མང་པོ་ཉན་མྱོང་ཡོད། དབུ་ཁྲིད་ཁོང་རྣམ་པས་ལྷོ་ཨ་ཕི་རི་ཀའི་ཡུལ་གྱི་ཁྱད་དུ་འཕགས་པའི་རྩ་ཁྲིམས་ཡར་ཐོན་ཅན་གྱི་སྐོར་གསུང་བཤད་གནང་བ་དེ་དག་ངའི་སེམས་ནང་ལྷང་ལྷང་དྲན་བཞིན་འདུག དབུ་ཁྲིད་ཁོང་རྣམ་དཀའ་ངལ་ཧ་ཅང་ཆེ་བའི་གནས་སྟངས་འོག་སེམས་ཤུགས་མ་ཆག་པར་མུ་མཐུད་སྙིང་སྟོབས་ཆེན་པོས་ཆེ་མཐོང་དང་རང་དབང་དོན་དུ་འཐབ་རྩོད་གནང་བ་དེ་དག་གིས་ངར་སེམས་འགུལ་ཧ་ཅང་ཐེབས་བྱུང་།   ལྷོ་ཨ་ཕི་རི་ཀ་ཡུལ་དེ་བཞིན་སླར་ཡང་འཛམ་གླིང་ནང་བཟང་སྤྱོད་ཀྱི་མིག་དཔེ་ཞིག་ཏུ་འགྱུར་ཐུབ། ངས་ཡུལ་དེའི་ནང་འོས་བསྡུའི་ལས་རིམ་དེ་དག་ཞི་འཇམ་ལྡན་པའི་ཐོག་ནས་མཇུག་སྒྲིལ་ཐུབ་པའི་རེ་སྨོན་ཞུ་རྒྱུ་ཡིན། ” ཞེས་གསུངས། 

Share with your friends










Submit