ཟླ་བ་ ༢ ཚེས ༡༢ ༢༠༡༩
Published By ngawang thokmey

༢༠༡༩ ཟླ་ ༢ ཚེས་ ༡༢ རེས་གཟའ་མིག་དམར།

༄༅། །འདི་གར་ཆོས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༩ ཟླ་ ༢ ཚེས་ ༡༡ ཉིན་གྱི་སྔ་དྲོ་རྒྱ་གར་བྱང་ཕྱོགས་སྡེ་ར་ལྡུན་དུ་རྟེན་གཞི་བྱས་པའི་འབྲི་གུང་བཀའ་བརྒྱུད་བྱང་ཆུབ་གླིང་དགོན་དུ་དཔལ་བཀའ་བརྒྱུད་ནང་བསྟན་མཐོ་སློབ་ཁང་གི་མཁན་རབས་བདུན་པའི་མཁན་པོ་གསར་བསྐོའི་མཛད་སྒོར་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་དམིགས་བསལ་སྐུ་མགྲོན་དུ་གདན་ཞུས་ལྟར་ཆེད་ཕེབས་གནང་ཡོད།

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཕྱག་ཚོད་ ༨:༣༠ ཐོག་དཔལ་ལྡན་བཀའ་བློན་མཆོག་ནས་སྒྲུབ་བརྒྱུད་བསྟན་པའི་མངའ་བདག་འབྲི་གུང་སྐྱབས་མགོན་ཆེ་ཚང་རིན་པོ་ཆེ་མཆོག་ལ་འཚམས་ཞུ་མཇལ་ཕྱག་ཕུལ་གྲུབ་མཚམས་མཁན་པོ་གསར་བསྐོའི་མཛད་སྒོར་ལྷན་ཞུགས་གནང་ཡོད། སྐབས་དེར་དམིགས་བསལ་སྐུ་མགྲོན་དཔལ་ལྡན་ཆོས་རིག་བཀའ་བློན་མཆོག་ནས་དཀར་གཙང་མཇལ་དར་རེ་དང་། སྐུ་མགྲོན་གཙོ་བོ་འབྲི་གུང་སྐྱབས་མགོན་ཆེ་ཚང་རིན་པོ་མཆོག་ནས་གསར་བསྐོ་མཁན་པོ་རྣམས་ལ་ཕྱག་འཁྱེར་གསོལ་རྩལ་གནང་ཡོད།

དཔལ་ལྡན་བཀའ་བློན་མཆོག་ནས་མཁན་གསར་རྣམས་ལ་འཚམས་འདྲི་དང་སྦྲགས་བསྟན་པ་ལ་ཞབས་འདེགས་དངོས་སུ་བསྒྲུབ་རྒྱུའི་དུས་ལ་བབས་ཡོད་སྐོར་དང་། དེ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། ཆོས་བརྒྱུད་ཁག་གི་དབུ་ཁྲིད་རྣམ་པས་བཀའ་གནང་བ་བཞིན་དུས་རབས་ཉེར་གཅིག་གི་ནང་པའི་གནས་སྟངས་དང་མཐུན་པའི་ཐོག་ནས་ཞབས་ཞུ་བསྒྲུབ་རྒྱུ་གལ་ཆེ་ཡིན་སྐོར། ལྷག་པར་དུ་རང་ཉིད་ཀྱི་གདན་ས་ཁག་ནང་བཞུགས་ནས་བསྟན་པ་ལ་ཞབས་ཞུ་བསྒྲུབ་རྒྱུ་དེ་གཙོ་བོར་ཟིན་པའི་ཐོག་ནས་བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་ཁག་དང་འཛམ་གླིང་སྤྱིའི་ཆོས་ལུགས་ཁག་ལ་རྒྱུས་ལོན་དགོས་གལ་སོགས་ཀྱི་གསུང་བཤད་གནང་།

གཞན་ཡང་དཔལ་ལྡན་བཀའ་བློན་མཆོག་ནས་མུ་འཐུད་གསུང་དོན། ང་ཚོ་བཙན་བྱོལ་དུ་གྱར་ནས་ལོ་ངོ་དྲུག་ཅུ་ལྷག་ཙམ་གྱི་རིང་རིས་སུ་མ་ཆད་པའི་ཆོས་བརྒྱུད་ཚང་མའི་ནང་འཛིན་སྐྱོང་སྤེལ་གསུམ་དང་། ཕྱིའི་མཐུན་རྐྱེན་སོགས་ཡར་རྒྱས་ཚད་ལས་འདས་པ་ཕྱིན་ཡོད་པ་དེ་ཧ་ཅང་གི་དགའ་འོས་པ་ཞིག་ཡིན་ན་ཡང་། ད་ཆ་དགོན་པ་དེ་དག་ནང་བསླབ་པ་སློབ་གཉེར་གནང་མཁན་གྱི་གྲྭ་རྒྱུན་དེ་རིམ་བཞིན་ཉུང་དུ་འགྲོ་བཞིན་པའི་དཀའ་ངལ་ཡོད་པར་བརྟེན་གྲྭ་རྒྱུན་ཡོད་པ་རྣམས་ལ་སློབ་གཉེར་དང་།  འཕྲོད་བསྟེན་སོགས་ཀྱི་མཐུན་རྐྱེན་གང་ལེགས་སྤྲོད་རྒྱུ་གལ་ཆེ་ཡིན་སྐོར་ཡང་གསུངས་སོང་།

སྐུ་མགྲོན་གཙོ་བོ་འབྲི་གུང་སྐྱབས་མགོན་ཆེ་ཚང་རིན་པོ་ཆེ་མཆོག་ནས་དུས་རབས་༢༡ དེ་མི་དང་མིའི་བར་འབྲེལ་འཐུད་ཧ་ཅང་མགྱོགས་པ་ཞིག་ཡིན་དུས་རང་རང་གི་བསྟན་པ་ལ་སློབ་གཉེར་ཡང་དག་པ་ཞིག་བྱས་པའི་སྟེང་འཛམ་གླིང་སྤྱིའི་ཆོས་ལུགས་ཐོག་ཤེས་རྟོགས་དགོས་པ་གལ་ཆེའི་སྐོར་དང་། ད་ལྟ་འཐོན་བཞིན་པའི་མཁན་པོ་རྣམས་ལ་སྔར་ལས་ལྷག་པའི་ལས་འགན་ཆེ་བ་ཡོད་སྐོར་གསུངས་པ་མ་ཟད། དེ་རིང་མཁོན་པོ་ ༢༢ ཐོན་ཐུབ་པ་དེ་ཐེངས་དང་པོ་རེད་ལ་འབྲི་གུང་བཀའ་བརྒྱུད་ཀྱི་ལོ་རྒྱུས་དེབ་ཐེར་ནང་དུ་ཤོག་ལྷེ་གསར་པ་ཞིག་བཙུགས་ཐུབ་ཡོད་ཅེས་གསུངས།

མཛད་སྒོ་གྲུབ་རྗེས་དཔལ་ལྡན་བཀའ་བློན་མཆོག་ནས་བོད་མིའི་སྒྲིག་འཛུགས་ནང་སྲིད་ཁྱབ་ཁོངས་བདེ་སྐྱིད་གླིང་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ཨར་ལས་ལས་གཞིར་གཟིགས་སྐོར་གནང་ཡོད།

Share with your friends










Submit