ཟླ་བ་ ༢ ཚེས ༡༣ ༢༠༡༩
Published By ngawang thokmey

༢༠༡༩ ཟླ་ ༢ ཚེས་ ༡༣ རེས་གཟའ་ལྷག་པ།

༄༅། །༢༠༡༩ ཟླ་ ༢ ཚེས་ ༡༢ ཉིན་རྒྱ་གར་དུས་བབ་གསར་ལས་ཁང་ Times of India གི་གསར་འགོད་པ་སྐུ་ཞབས་པུ་རི་ Shri Puri ལགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། འདས་ལོ་སྟེ་ ༢༠༡༨ ལོར་འཛམ་གླིང་ནང་རྒྱལ་ཁབ་ ༡༩༥ ཙམ་ཡོད་ཁོངས་ནས་རྒྱལ་ཁབ་ ༧༥ ནས་ཁྱོན་མི་གྲངས་ ༤༠༠༠ བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་ཁ་དང་ལམ་སྟོན་བཀའ་སློབ་ཞུས་ཡོད་པ་དང་། མཇལ་བཅར་བ་དེ་དག་ཁོངས་ནས་རྒྱ་ནག་སྐམ་ས་ནས་རྒྱ་མི་རིགས་ ༢༥༠ དང་། ཐེ་ཝན་ནས་རྒྱ་རིགས་མི་གྲངས་ ༣༣༠ ཡོད་འདུག  

དེ་ཡང་རྡ་སའི་ཉེན་རྟོག་འགོ་དཔོན་གྱིས་གསུང་པ་ལུང་འདྲེན་གནང་བ་ལྟར་ན།  སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་བཅར་ཞུ་མཁན་རྣམས་སྔོན་ཚུད་ནས་མིང་ཐོ་ཕུལ་ཟིན་དགོས་པ་དང་། མཇལ་བཅར་བ་དེ་དག་འགའ་ཤས་ལོ་དང་ཟླ་བ་བསྟུད་ནས་སྒུག་ནས་དགོས་པ་དེ་འདྲའང་ཡོད།  ཅེས་གསུངས། དེ་ཡང་ཉེ་ལམ་རྡ་སའི་མགྲོན་ཁང་དང་རླངས་འཁོར་མཐུན་ཚོགས་ཀྱི་ཚོགས་མི་ཁག་གཅིག་གཟིམ་ཆུང་མཇལ་བཅར་ཞུས་ནས་རྡ་སར་དུས་འཁོར་དབང་ཆེན་བཀའ་དྲིན་ཆེ་གནང་ཡོང་བའི་གསོལ་འདེབས་ཞུས་པའི་སྐོར་གསར་ལས་ཁང་གི་འབྲེལ་ཡོད་གསར་འགོད་པས་སྐུ་སྒེར་དྲུང་ཆེ་བསྟན་འཛིན་སྟག་ལྷ་མཆོག་ལ་དྲིས་པར་ཁོང་གིས་”རྡ་སའི་མགྲོན་ཁང་དང་རླངས་འཁོར་ཚོགས་པའི་སྐུ་ཚབ་ཁག་འདིར་ཕེབས་ནས་གཟིམ་ཆུང་མཇལ་ཁ་ཞུས་པ་རེད། སྐབས་དེར་ཁོང་ཚོས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྡ་སར་དུས་འཁོར་དབང་ཆེན་བཀའ་དྲིན་ཆེ་གནང་ཡོང་བ་གསོལ་འདེབས་ཞུས་ཀྱང་ད་ལྟའི་ཆར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཕྲོད་བཞེས་ཧ་ཅང་གལ་ཆེ་ཡིན་སྟབས་དུས་འཁོར་དབང་ཆེན་སྩལ་རྒྱུའི་འཆར་གཞི་གང་ཡང་མེད་” ཅེས་ལན་འདེབས་གནང་བ་དུས་བབ་གསར་འགོད་པས་གནས་ཚུལ་ནང་བཀོད་འདུག་པ་བཅས།  

Share with your friends










Submit