ཟླ་བ་ ༢ ཚེས ༡༣ ༢༠༡༩
Published By ngawang thokmey

ཕྱི་ལོ་ ༢༠༡༩ ཟླ་ ༢ ཚེས་ ༡༣ རེས་གཟའ་ལྷག་པ།

༄༅། །འདི་གར་ཨ་རིའི་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན།  དེ་ཡང་ ༢༠༡༩ ཟླ ༢ ཚེས ༡༢ ཞོགས་པ་ཆུ་ཚོད ༡༠ ཐོག་བྱང་ཨ་རི་སྐུ་ཚབ་དོན་གཅོད་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དབུ་བཞུགས་ཐོག  བྱང་ཨ་རི་སྐུ་ཚབ་དོན་གཅོད་དང་ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་རྣམ་གཉིས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གཞོན་པ། ཨ་རིའི་བོད་རིགས་སྤྱི་མཐུན་ཁག་གི་ཚོགས་གཙོ་རྣམས་ལྷན་འཛོམས་ཀྱིས་བཞུགས་མོལ་ཚོགས་འདུ་ཞིག་ཚོགས་ཡོད་པ་དང་། ཐོག་མར་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ནས་ངོ་སྤྲོད་དང་། དེ་རྗེས་སྲིད་སྐྱོང་མཆོག་གིས་ད་ལྟའི་བཀའ་ཤག་གི་ཕྱག་ལས་གནང་ཕྱོགས། དཔེར་ན་ཡོང་རྒྱུའི་ལོ་དུས་ནང་ལྔ་དང་ལྔ་བཅུའི་འཆར་སྣང་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བཞེས་སྐོར། མ་འོངས་བོད་མིའི་མདུན་ལམ་གྱི་ཁ་ཕྱོགས། གཞིས་ལུས་བོད་མིའི་མངོན་འདོད། བཙན་བྱོལ་སྤྱི་ཚོགས་ནང་བརྟན་ལྷིང་དང་འཆམ་མཐུན་གོང་འཕེལ་དགོས་གལ་སོགས་སྐོར་གསུངས།

ལྷག་པར་ ༢༠༡༩ ལོའི་གསུམ་བཅུའི་དུས་དྲན་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མི་འབུམ་གཅིག་མ་ཟིན་ཙམ་བཙན་བྱོལ་དུ་ཕེགས་དགོས་བྱུང་ནས་ལོ ༦༠ ཟིན་པའི་དུས་ཚིགས་གལ་འགངས་ཅན་ཞིག་ཡིན་པ་དང་། ལྷག་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྔ་རྗེས་བཀའ་སློབ་རིམ་ཕེབས་ནང་མགོན་པོ་གང་ཉིད་མཆོག་༸སྐུ་འཚོ་བཞུགས་མ་མཛད་པའི་དུས་སྐབས་ལྟར་བོད་མིའི་འཐབ་རྩོད་རྒྱུན་སྐྱོང་བྱེད་དགོས་པའི་བཀའ་སློབ་དེ་དག་བོད་མི་ཚོས་ཡིད་ལ་དྲན་ནས་བོད་དོན་འཐབ་རྩོད་ཀྱི་གོམ་པ་མདུན་སྤོས་བྱེད་དགོས་སྟབས་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་དང་བོད་མི་མང་ཚོགས་ཀྱིས་སྤྱི་པའི་ལས་དོན་ཐོག་ཐུགས་འགན་མང་ཙམ་བཞེས་པའི་དུས་ལ་བབ་ཡོད་པ་སོགས་གསུངས་རྗེས། སྤྱི་མཐུན་ཚོགས་པ་ཁག་གི་ཚོགས་གཙོ་རྣམ་པས་ས་གནས་སོ་སོའི་གནས་སྟངས་དང་བསམ་འཆར་དེ་དག་སྲིད་སྐྱོང་མཆོག་ལ་ཞུས་འདུག  ཚོགས་འདུ་གྲོལ་རྗེས་ཚོགས་ཕེབས་པ་རྣམས་ཨ་རིའི་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོར་ཆེད་ཕེབས་གནང་ཡོད་པ་བས།།

Share with your friends










Submit