ཟླ་བ་ ༡ ཚེས ༤ ༢༠༡༩
Published By ngawang thokmey

ཕྱི་ལོ་ ༢༠༡༩ ཟླ་ ༡ ཚེས་ ༤ རེས་གཟའ་པ་སངས།

༄༅། །ལྕམ་སྐུ་ནེན་སི་པི་ལོ་སི་མཆོག་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོར་སླར་ཡང་བདམས་ཐོན་བྱུང་བར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་འཚམས་འདྲི་གནང་དོན།

“སྐུ་ཉིད་མཆོག་སླར་ཡང་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོར་བདམས་ཐོན་བྱུང་བར་ངས་བོད་མིའི་སྒྲིག་འཛུགས་ཀྱི་ཚབ་ཞུས་ཏེ་འཚམས་འདྲི་ཞུ་རྒྱུ་དང་། སྐུ་ཉིད་ཚོགས་གཙོར་བདམས་པ་དེས་དབུ་ཁྲིད་ཀྱི་འཇོན་ཐང་དང་ཆོད་སེམས། ཨ་རིའི་རྒྱལ་ཁབ་ཀྱི་གཞི་རྩའི་ལྟ་གྲུབ་དེ་དག་སྲུང་སྐྱོབ་གནང་མཁན་ཞིག་ཡིན་པ་གསལ་འདོན་གནང་ཡོད།  ལྷག་པར་སྐུ་ཉིད་ཀྱིས་ཨ་རིའི་རྒྱལ་ནང་ཙམ་མ་ཟད། རྒྱལ་སྤྱིའི་ཁྱོན་དུ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་རྒྱབ་སྐྱོར་ཤུགས་ཆེ་གནང་བ་དེ་ནི་བཟང་སྤྱོད་དང་ཆབ་སྲིད་གང་གི་ཆ་ནས་ཡང་དག་པ་ཞིག་ཡིན་པ་ཙམ་དུ་མ་ཟད། ང་ཚོ་ཚང་མར་སྙིང་སྟོབས་སྤེལ་གཞི་ཞིག་ཏུ་གྱུར་ཡོད། བྱས་རྗེས་དེ་དག་ཡུན་རིང་གནས་ཐུབ་རྒྱུ་ཡིན། 

ཐེངས་འདིར་སྐུ་ཉིད་མཆོག་ཚོགས་གཙོར་བདམས་པ་ནི་བོད་མིས་གཙོས་འཛམ་གླིང་ཁྱོན་དུ་འགྲོ་བ་མིའི་ཐོབ་ཐང་ཆེད་འཐབ་རྩོད་བྱེད་བཞིན་པའི་མི་མང་རྣམས་ལ་རྒྱལ་ཁ་ཐོབ་པ་ཞིག་ཆགས་ཡོད།” ཅེས་གསུངས། 

སྤྱིར་ལྕམ་སྐུ་མཆོག་ནི་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཞིག་ཡིན་པ་ཙམ་དུ་མ་ཟད། བོད་མིའི་ཞི་བའི་སྒེར་ལངས་ཐེངས་ ༥༩ ཐོག་བསྒྲགས་གཏམ་ཞིག་སྤེལ་བའི་ནང་དོན་ལྟར་ན། “གལ་ཏེ་ང་ཚོས་དཔལ་འབྱོར་གྱི་ཁེ་ཕན་ལ་བསམས་ནས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་སྐད་ཆ་བཤད་མ་ཐུབ་ཚེ། འཛམ་གླིང་ས་གནས་གཞན་དུ་འགྲོ་བ་མིའི་ཐོབ་ཐང་སྐོར་སྐད་ཆ་བཤད་རྒྱུའི་བཟང་སྤྱོད་རྩ་བ་ནས་བརླགས་པ་རེད། ཅེས་གསུངས། 

ཕྱི་ལོ་ ༢༠༡༥ ལོར་ལྕམ་སྐུ་པེ་ལོ་སི་མཆོག་གིས་དབུ་ཁྲིད་པའི་ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་བོད་ནང་དུ་གཟིགས་སྐོར་ཕེབས་པ་མ་ཟད།  ཕྱི་ལོ་ ༢༠༡༧ ལོར་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ཁག་གཅིག་དང་ལྷན་བཞུགས་སྒར་དུ་ཕེབས་ཡོད།   །

Share with your friends










Submit