ཟླ་བ་ ༡ ཚེས ༨ ༢༠༡༩
Published By བ་ར་ཡེ་ཤེས་ཀུན་གྲགས།

ཕྱི་ལོ་ ༢༠༡༩ ཟླ་ ༡ ཚེས་ ༨ རེས་གཟའ་མིག་དམར།

༄༅། །འདི་གར་སྦེལ་ཇམ་སྐུ་ཚབ་དོན་གཅོད་ཁང་ནས་བཏང་གནས་ནང་འཁོད་དོན། སྦེལ་ཇམ་སྐུ་ཚབ་དོན་གཅོད་བཀྲིས་ཕུན་ཚོགས་ལགས་དང་དྲུང་ཆེ་མཐུ་སྟོབས་རྣམ་རྒྱལ་ལགས་རྣམ་གཉིས་ཕྱི་ལོ་ ༢༠༡༩ ཟླ་ ༡ ཚེས་ ༦ ཉིན་སྦེལ་ཇམ་ས་ཁུལ་ཨེན་ཏ་ཝར་དུ་སྦེལ་ཇམ་བོད་རིགས་ཚོགས་པའི་འཛིན་སྐྱོང་འོག་ཤེས་རབ་སྣང་བྱེད་གཟའ་མཇུག་སློབ་གྲྭར་གཟིགས་སྐོར་གནང་ཡོད།

སློབ་གྲྭར་དེ་སྔོན་སྦར་སིལ་སློབ་གྲྭར་ལྟ་སྐོར་གྱི་དམིགས་ཡུལ་ལྟར་བོད་མི་སོ་སོའི་བྱིས་པ་རྣམས་ལ་རང་གི་སྐད་ཡིག་དང་གོམས་གཤིས་སོགས་ཀྱི་སྦྱོང་འཁྲིད་ཡོང་ཆེད་དྭང་བླངས་ཀྱི་ཐོག་ནས་འཛིན་སྐྱོང་བྱེད་བཞིན་པར་རྒྱབ་སྐྱོར་མཚོན་བྱེད་དུ་ཡིན།

དེ་ཡང་སློབ་ཕྲུག་རྒན་ཤོས་མཉམ་སློབ་འཁྲིད་དང་བགྲོ་གླེང་ཚད་དང་ལྡན་པ་ཞིག་ཀྱང་བྱུང་ཡོད། སློབ་ཕྲུག་ཅིག་གི་རང་གི་ཁྱིམ་ཚང་ནང་ཉམས་མྱོང་དང་དེའི་བག་ཆགས་ཀྱིས་སློབ་སྦྱོང་ལ་ཁྱད་པར་བཟོས་ཏེ་སློབ་འཁྲིད་ལས་སླ་བོ་བྱུང་སོང་ཞེས་བརྗོད་པ་ནས་བག་ཆགས་ཞེས་པའི་བོད་ཡིག་གི་ཐ་སྙད་དེའི་ཐོག་ནས་ཤེས་ཡོན་གྱི་བརྒྱུད་རིམ་ལའང་བག་ཆགས་བྱུང་མིན་གྱིས་ཤེས་ཡོན་ལ་བག་ཆགས་ཆེན་པོ་ཡོང་གི་ཡོད་པའི་སྐོར་བགྲོ་གླེང་ལྷུག་པོ་བྱུང་ཞིང་།

དེ་སྔོན་སློབ་གྲྭར་འབྱོར་མཚམས་སུ་སྦེལ་ཇམ་བོད་ཚོགས་ཀྱི་རྒྱུན་ལས་དང་ཤེས་རབ་སྣང་བྱེད་སློབ་གྲྭའི་འཛིན་སྐྱོང་རྣམ་པ་ལྷན་བགྲོ་བསྡུར་བྱུང་སྐབས། སྐུ་ཚབ་དོན་གཅོད་ནས་ཁོང་རྣམ་པའི་སྦེལ་ཇམ་བོད་རིགས་ཚོགས་པ་སྤྱི་དང་། ལྷག་པར་སློབ་གྲྭའི་ལས་དོན་ཐད་དྭང་བླས་ཀྱི་ཐོག་ནས་སྤྱི་ཚོགས་ཞབས་ཕྱི་ཕུལ་བྱུང་ཞུས་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས།

དེ་རྗེས་སློབ་གྲྭའི་བར་སེང་སྐབས་སློབ་གྲྭའི་དགེ་རྒན་རྣམ་པ་དང་མཇལ་འཕྲད་གནང་སྟེ་ཁོང་རྣམ་པའི་སློབ་གྲྭར་དྭང་བླངས་ཀྱི་ཐོག་ནས་ཞབས་ཕྱི་ཞུས་བཞིན་པར་ཡི་རངས་བསྔགས་བརྗོད་ཞུས་ཐོག་ཕྱིའི་རྒྱལ་ཁབ་ཏུ་གནས་པའི་བོད་ཕྲུག་བྱིས་པ་རྣམས་ནས་སྤྱི་ཚོགས་མི་འདྲ་བ་གཉིས་ཀྱི་གོམས་གཤིས་དང་བོད་ཀྱི་ད་ལྟའི་ཛ་དྲག་ཆབ་སྲིད་ཀྱི་གནས་སྟངས་སོགས་ནས་བྱིས་པ་ཚོར་སེམས་དང་རིག་པའི་ཐོག་དམིགས་བསལ་དཀའ་ངལ་ཡོད་པ་དེ་ངོས་འཛིན་པའི་ཐོག་ནས་དུས་དང་ཁམས་སོགས་ལ་བསྟུན་ཏེ་སློབ་འཁྲིད་གནང་དགོས་སྐོར་སོགས་ཀྱི་དགོངས་ཚུལ་བརྗེ་ལེན་ཞུས།

བོད་ཚོགས་དང་སློབ་གྲྭའི་འགན་འཛིན་རྣམ་པའི་འདི་འདྲའི་གཟིགས་སྐོར་མུ་མཐུད་ནས་ཡོང་བ་ཞུས་པ་མ་ཟད། སྤྱི་ཚོགས་དང་སློབ་གྲྭའི་ལས་དོན་སླད་གཟིགས་སྐོར་འདི་རིགས་ནས་ཕན་ཐོགས་ཤིན་ཏུ་ནས་ཆེན་པོ་བྱུང་བཞིན་པ་སོགས་གསུངས་ཡོད་པ་བཅས། །

Share with your friends










Submit