ཟླ་བ་ ༡ ཚེས ༣ ༢༠༡༩
Published By ngawang thokmey

༢༠༡༩ ཟླ་ ༡ ཚེས་ ༣ རེས་གཟའ་ཕུར་བུ།

༄༅། །འདི་གར་སྦར་སིལ་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན།  ཉེ་ཆར་ཕྱི་ཟླ་ ༡༢ ཚེས་ ༣༠ ཉིན་སྦར་སིལ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་དང་དྲུང་ཆེ་མཐུ་སྟོབས་རྣམ་རྒྱལ་གཉིས་ནས་སྦར་སིལ་དུ་འཇམ་དབྱངས་བློ་འཕེལ་གཟའ་མཇུག་སློབ་གྲྭར་གཟིགས་ཞིབ་གནང་འདུག 

སློབ་གྲྭར་འབྱོར་མཚམས་ཆོས་རིག་འཛིན་སྐྱོང་ཁང་གི་ཚོགས་གཙོ་དང་། ཚོགས་གཞོན། དེ་བཞིན་ཤེས་རིག་འགན་འཛིན། ཕ་མའི་ཚོགས་ཆུང་གི་ཚོགས་གཙོ། དང་བླངས་དགེ་རྒན་བཅས་དང་ལྷན་ཆུ་ཚོད་གཅིག་ཙམ་རིང་སློབ་གྲྭའི་འཛིན་སྐྱོང་དང་འབྲེལ་བའི་ལས་གཞི་ཁག་གཅིག  དེ་བཞིན་མ་འོངས་བྱེད་འཆར་སོགས་གོ་བསྡུར་གནང་ཡོད་འདུག 

སྐབས་དེར་སྐུ་ཚབ་དོན་གཅོད་ཁོང་རང་ཉིད་དེ་སྔ་རྒྱ་གར་དུ་སློབ་གྲྭའི་དགེ་རྒན་གནང་མྱོང་ཡོད་པའི་ཆ་ནས་སློབ་གྲྭའི་འཛིན་སྐྱོང་དང་། སློབ་མཚན་འཇོག་སྟངས། སློབ་འཁྲིད་གནང་ཕྱོགས། དེ་བཞིན་སློབ་ཕྲུག་གི་བློ་རིག་དང་བསྟུན་དགེ་རྒན་རྣམ་པས་ཐབས་ཤེས་སྣ་ཚོགས་སྒོ་ནས་སློབ་སྦྱོང་ལ་དོ་དབྱིངས་བསླེབ་ཐུབ་པ་ཞིག་ཇི་ལྟར་བཟོ་ཐུབ་མིན་རང་ཉིད་ཀྱི་ཉམས་མྱོང་དང་འབྲེལ་ལམ་སྟོན་གནང་འདུག

དེ་ཡང་སློབ་གྲྭའི་འཛིན་སྐྱོང་འགན་འཛིན་ཁག་དང་དགེ་རྒན་རྣམ་པས་ད་བར་སློབ་ཕྲུག་ཚོའི་བོད་སྐད་དང་། བོད་ཡིག བོད་ཀྱི་རིག་གཞུང་འཁྲབ་སྟོན། ལྷག་པར་བར་ལམ་ནས་རྟགས་གསལ་གྱི་ལམ་ནས་ཕྲུ་གུའི་རིག་རྩལ་གོང་འཕེལ་གཏོང་ཐབས་གནང་བཞིན་པར་བརྟེན་འབྲེལ་ཡོད་དགེ་རྒན་སོགས་ལ་ཡི་རངས་དང་བསྔགས་བརྗོད་ཤུགས་ཆེ་གནང་འདུག 

དེ་རྗེས་འཛིན་གྲྭ་ཁག་དྲུག་ཡོད་པ་ནས་འཛིན་གྲྭ་རྒན་པ་གསུམ་ནང་ཕེབས་ཏེ་འཛིན་རིམ་དང་པོའི་ནང་།  དགེ་རྒན་གྱིས་སློབ་ཕྲུག་ཚོར་འབྱུང་བ་བཞི་དང་རླུང་རྟའི་གོ་དོན་དང་མཚོན་རྟགས་སྐོར་སོགས་སློབ་འཁྲིད་གནང་བཞིན་པར་དོན་གཅོད་ནས་ཀྱང་མཉམ་ཞུགས་གནང་འདུག 

དེ་ནས་འཛིན་རིམ་དྲུག་པའི་ནང་བློ་རྟགས་ཀྱི་གཞུང་ལས་རྩ་བའི་ཁ་དོག་དང་ཡན་ལག་གི་ཁ་དོག་སྐོར་གྱི་མུ་གསུམ་འཇོག་སྟངས་སོགས་སློབ་འཁྲིད་གནང་བཞིན་པའི་སྐབས་དེར་གཟིགས་ཞིབ་གནང་འདུག་པ་བཅས།

Share with your friends










Submit