ཟླ་བ་ ༡ ཚེས ༣༡ ༢༠༡༩
Published By སྐལ་བཟང་བདེ་སྐྱིད།

 ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༣༡ རེས་གཟའ་ཕུར་བུ།

༄༅། །ཕྱི་ལོ་ ༢༠༡༩ ཟླ་  ཚེས་  རེས་གཟའ་པ་སངས་ཉིན་འཕགས་བོད་འབྲེལ་མཐུད་ཁང་གི་གོ་སྒྲིག་འོག་ལྡི་ལི་མི་རན་ཌ་ Miranda House, Delhi བུད་མེད་མཐོ་སློབ་ཏུ་དགེ་ལས་སློབ་མ་ཁྱོན་མི་གྲངས་ ༥༠ ལྷག་ཙམ་མཉམ་འཛོམས་ཀྱིས་བོད་ཀྱི་ཉིན་མོ་ ”A Day for Tibet” ཞེས་པའི་མཛད་སྒོ་ཞིག་ཚོགས་ཡོད། 

སྤྱིར་བོད་ཀྱི་ཉིན་མོ་ཞེས་པའི་སྲུང་བརྩི་ཞུས་དགོས་དོན་ནི། རྒྱ་གར་མཐོ་སློབ་ཁག་གི་དགེ་ལས་སློབ་མ་རྣམས་ལ་བོད་དོན་སྐོར་གོ་རྟོགས་སྤེལ་གནང་རྒྱུ་ཆེད་ཡིན། 

དེ་ཡང་གོང་ཚེས་ཉིན་འཕགས་བོད་འབྲེལ་མཐུད་ཁང་གི་འབྲེལ་མཐུད་པ་ཀརྨ་དར་རྒྱལ་ལགས་ཀྱིས་དགའ་བསུའི་འཚམས་འདྲི་ཞུས་པ་དང་སྦྲགས་ལས་རིམ་གྱི་ངོ་སྤྲོད་སྙིང་བསྡུས་གནང་གྲུབ་མཚམས་ལྡི་ལི་དོན་ཁང་གི་དྲུང་ཆེ་ཚེ་རིང་དོན་གྲུབ་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་སྒྲིག་གཞི་དང་། བཙན་བྱོལ་བོད་མིའི་གནས་སྟངས་ཀྱི་ངོ་སྤྲོད་གནང་། གཞན་ཡང་རྒྱ་གར་གཞུང་མང་གཉིས་ཀྱི་ཁེ་ཞེ་གཉིས་མེད་ཀྱི་རྒྱབ་སྐྱོར་དང་། མཐུན་འགྱུར་རོགས་རམ་ལ་བརྟེན་ནས་བཙན་བྱོལ་དུ་བོད་མིའི་སྒྲིག་འཛུགས་དེ་བཞིན་བཙུགས་ཐུབ་པ་བྱུང་ཡོད་པར་བརྟེན་རྒྱ་གར་གཞུང་མང་གཉིས་ནི་བོད་མི་རྣམས་ལ་བཀའ་དྲིན་ཆེན་པོ་རེད། ཅེས་གསུང་།

དེ་རྗེས་ཨེ་ཤེ་ཡའི་བོད་དོན་ཁང་གི་འབྲེལ་མཐུད་ཁང་གི་འབྲེལ་མཐུད་པ་བློ་བཟང་གཡང་མཚོ་ལགས་ཀྱིས་བོད་ཀྱི་ཁོར་ཡུག་དེ་བཞིན་ཇི་ལྟར་གལ་གནད་ཆེན་པོ་ཡིན་སྐོར་དང་། བོད་ཀྱི་ཁོར་ཡུག་ལ་འགྱུར་བ་ཚབས་ཆེ་བྱུང་བ་ཡིན་ན་ཨེ་ཤི་ཡ་ཁྱོན་ཡོངས་ཙམ་མ་ཟད། དེ་ལས་བརྒལ་ནས་ཤུགས་རྐྱེན་ཐེབས་ངེས་ཡིན་པ་དང་། གཞན་ཡང་ཁོང་གིས་བོད་ཀྱི་ཛ་དྲག་གནད་དོན་དེ་བཞིན་ཆབ་སྲིད་ཀྱི་གནད་དོན་ཙམ་མིན་པར་ཁོར་ཡུག་གི་ཐོག་ལའང་གནད་འགག་ཞིག་ཆགས་ཡོད། ཅེས་གསུང་གྲུབ་མཚམས་དགེ་ལས་སློབ་མ་རྣམས་ཀྱི་དྭོགས་འདྲི་ཁག་ལ་ལན་འདེབས་གནང་།

མཐར་སྐུ་ཞབས་ Bharati Jagannathan  ལགས་ཀྱིས་དགེ་ལས་སློབ་ཕྲུག་ཐུན་མོངས་ཀྱིས་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞུས་གནང་ཡོད། སྐབས་དེར་འཕགས་བོད་གཉིས་ཀྱི་འབྲེལ་ལམ་ཐོག་པར་རིས་འགྲེམས་སྟོན་དང་། ལྡི་ལི་འཕགས་བོད་འབྲེལ་མཐུད་ཁང་ནས་བོད་དོན་དང་འབྲེལ་དཔེ་དེབ་དང་། འགྲེམ་ཡིག་ཁག་གཅིག་འགྲེམས་སྤེལ་གནང་ཡོད་པ་བཅས། །

Share with your friends










Submit