Published By བ་ར་ཡེ་ཤེས་ཀུན་གྲགས།

ཕྱི་ལོ་ ༢༠༡༩ ཟླ་ ༡ ཚེས་ ༡༡ རེས་གཟའ་པ་སངས།

རྒྱ་ནག་ནང་གི་བོད་ལྗོངས་མི་རིགས་སློབ་ཆེན་གྱི་དྲ་ངོས། ༢༠༡༩།༡།༩༄༅། །རྒྱ་ནག་ནང་གི་བོད་ལྗོངས་མི་རིགས་སློབ་གྲྭ་ཆེན་མོའི་ནང་བོད་ཀྱི་སྐད་ཡིག་གི་བསླབ་གཞི་དཀོན་པར་བརྟེན་བོད་རིགས་སློབ་ཕྲུག་ཚོར་དཀལ་ངལ་འཕྲད་བཞིན་ཡོད་འདུག
དེ་ཡང་གསར་འགྱུར་བརྒྱུད་ལམ་ཁག་གཅིག་གི་ནང་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་ཧྲན་ཞི་ཞིང་ཆེན་ཤན་ཡཱང་ནང་ཡོད་པའི་བོད་ལྗོངས་མི་རིགས་སློབ་གྲྭ་ཆེན་མོ་ཞེས་མིང་བཏགས་པ་ཙམ་ལས་དོན་དངོས་བོད་ཀྱི་སྐད་ཡིག་དང་། རིག་གནས་ཀྱི་བསླབ་གཞི་མེད་པ་དང་། བོད་ཡིག་ཆེད་ལས་རིག་པ་ཉུང་ཉུང་ཡིན་པ། མི་རིགས་ཞིབ་འཇུག་སློབ་གླིང་ལས་གཞན་བོད་ཡིག་གི་ཆེད་ལས་དང་ཆེད་ལས་སྦྱང་ས་མེད་པས་སེམས་སྐྱོ་དགོས་པ་མ་ཟད། སློབ་ཆེན་དེའི་ནང་ཁྱོན་སློབ་ཕྲུག་ ༦༠༠༠ ལྷག་ཙམ་ཡོད་པ་ནས་ཕྱེད་ཀ་ཙམ་བོད་རིགས་ཡིན་ནའང་བོད་ཀྱི་སྐད་ཡིག་བཀོལ་སྤྱོད་ཉུང་བའི་རྐྱེན་གྱིས་སློབ་གཉེར་ཁང་དེའི་ནང་གི་བོད་རིགས་སློབ་ཕྲུག་ཚོར་དཀལ་ངལ་འཕྲད་བཞིན་ཡོད་འདུག
རྒྱ་ནག་ནང་གི་བོད་ལྗོངས་མི་རིགས་སློབ་གྲྭ་ཆེན་མོའི་ནང་། གསོ་རིག་གཙོས་ཆེད་ལས་ཀྱི་སློབ་ཚན་ཁག་ ༡༡ ཡོད་པ་དེ་དག་ཚང་མ་རྒྱ་ཡིག་མ་གཏོགས་བོད་ཡིག་ནང་མཐོང་རྒྱུ་མེད་པ་དང་། ལྷག་པར་གསོ་རིག་ཐོག་ཆེད་ལས་ཀྱི་སློབ་གཉེར་གནང་བཞིན་པའི་བོད་རིགས་སློབ་མ་ཚོར་དཀའ་ངལ་འཕྲད་ཀྱི་ཡོད་འདུག
སྤྱིར་བོད་ལྗོངས་མི་རིགས་སློབ་གྲྭ་ཆེན་མོ་ཞེས་པ་དེར་ཨིན་སྐད་དུ་(Tibet University for Nationalities) ཞེས་འབོད་སྲོད་ཡོད་དང་། སློབ་གྲྭ་ཆེན་མོ་དེ་ནི་རྒྱ་ནག་གི་རྒྱལ་ས་རྙིང་པ་ཞི་ཨན་གྱི་ཉེ་འཁྲིས་ཧྲན་ཞི་ཞིང་ཆེན་གྱི་གྲོང་ཁྱེར་ཤན་ཡཱང་ནང་ཆགས་ཡོད་པ་དང་། སློབ་གྲྭ་ཆེན་མོ་དེ་ཕྱི་ལོ་ ༡༩༥༨ ལོར་བོད་རིགས་གཙོ་བོར་གྱུར་བའི་གྲངས་ཉུང་མི་རིགས་ཆེད་བཙུགས་པ་ཞིག་ཡིན་འདུག
ཐོག་མར་སློབ་གྲྭ་དེ་གསར་བཙུགས་སྐབས་བོད་ལྗོངས་མང་ཚོགས་སློབ་གྲྭ་ཞེས་མིང་བཏགས་འདུག འོན་ཀྱང་ཕྱི་ལོ་ ༡༩༦༨ ལོར་ད་ལྟའི་མིང་བོད་ལྗོངས་མི་རིགས་སློབ་གྲྭ་ཞེས་པར་མིང་བསྒྱུར་བྱས་འདུག སློབ་གྲྭ་འདི་རྒྱ་ནག་གི་ཞིང་ཆེན་ཞིག་ཏུ་ཡོད་རུང་བོད་རང་སྐྱོང་ལྗོངས་ཀྱི་ཁྱབ་ཁོངས་ཤིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་འདུག འདི་ནི་བོད་ཀྱི་རྒྱལ་ས་ལྷ་སར་ཡོད་པའི་བོད་ལྗོངས་སློབ་གྲྭ་ཆེན་མོ་དང་ཐ་དད་ཡིན་པ་དང་། རྒྱ་ནག་གི་ཧྲན་ཞི་ཞིང་ཆེན་གྱི་ནང་ཡོད་པའི་བོད་ལྗོངས་མི་རིགས་སློབ་གྲྭ་ཆེན་མོ་འདི་བཞིན་བོད་རིགས་གཙོ་བོར་གྱུར་བའི་གྲངས་ཉུང་མི་རིགས་ཚོའི་ཆེད་བཙུགས་པ་བརྗོད་བཞིན་ཡོད་ནའང་། སློབ་གྲྭ་དེའི་ནང་བོད་ཀྱི་སྐད་ཡིག་བཀོལ་སྤྱོད་ཉུང་བར་བརྟེན་བོད་རིགས་སློབ་ཕྲུག་ཚོར་དཀའ་ངལ་འཕྲད་བཞིན་པ་རེད།

Share with your friends










Submit