ཟླ་བ་ ༡ ཚེས ༨ ༢༠༡༩
Published By བ་ར་ཡེ་ཤེས་ཀུན་གྲགས།

ཕྱི་ལོ་ ༢༠༡༩ ཟླ་ ༡ ཚེས་ ༨ རེས་གཟའ་མིག་དམར།

༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༩ ཟླ་ ༡ ཚེས་ ༦ ཉིན་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ (Shangri-La) གསོལ་མགྲོན་ཁང་ནང་དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་དང་། དེ་སྔོན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་མཇལ་འཕྲད་གནང་མྱོང་བ་རྣམས་ལ་ཐུགས་རྗེ་ཆེ་ཞུའི་གསོལ་ཚིགས་ཤིག་འདེགས་འབུལ་ཞུས་གནང་ཡོད།

དེ་ཡང་ཕྱི་ཚེས་ ༢ ཉིན་གྱི་སྔ་དྲོ་སྤྱི་འཐུས་རྒྱུན་ལས་རྣམ་པ་རྡ་ས་བཞུགས་སྒར་ནས་ལྡི་ལིར་ཕེབས་ཐོན་གྱིས་ཕྱི་དྲོ་ས་གནས་སུ་ཕེབས་འབྱོར་མཚམས། རྒྱ་གར་གྲོས་ཚོགས་འཐུས་མི་རྣམ་པར་མཇལ་འཕྲད་གནང་ཆེད་སྤྱི་འཐུས་རྣམས་ཚོགས་ཆུང་ལྔར་ཆ་བགོས་གནང་ཞིང་། ཚོགས་ཆུང་དང་པོར་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་དང་། སྤྱི་འཐུས་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ལགས། ཚོགས་དྲུང་ལས་ཁུངས་ཀྱི་ལས་བྱེད་སྐལ་བཟང་གཡུ་སྒྲོན་ལགས་དང་། བསྟན་འཛིན་དཔལ་འབྱོར་ལགས། ཚོགས་ཆུང་གཉིས་པར་སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་ལགས་དང་། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས། འཕགས་བོད་འབྲེལ་མཐུད་ལས་ཁུངས་ཀྱི་ལས་བྱེད་ཆོས་ཉིད་ཚེ་རིང་ལགས། ཚོགས་ཆུང་གསུམ་པར་སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་དང་། སྤྱི་འཐུས་གེ་བ་ཚང་ངག་དབང་ཐར་པ་ལགས། འཕགས་བོད་འབྲེལ་མཐུད་ལས་ཁུངས་ཀྱི་འགན་འཛིན་ཀརྨ་དར་རྒྱས་ལགས། ཚོགས་དྲུང་ལས་ཁུངས་ཀྱི་ལས་བྱེད་བློ་བཟང་ཉི་མ་ལགས། ཚོགས་ཆུང་བཞི་པར་སྤྱི་འཐུས་ཀརྨ་དགེ་ལེགས་ལགས་དང་། སྤྱི་འཐུས་ཙ་ནེ་ཚང་དོན་གྲུབ་བཀྲ་ཤིས་ལགས། འཕགས་བོད་འབྲེལ་མཐུད་ལས་ཁུངས་ཀྱི་ལས་བྱེད་བསྟན་འཛིན་དཔལ་འབྱོར་ལགས། ཚོགས་ཆུང་ལྔ་པར་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་ལགས་དང་། སྤྱི་འཐུས་དཀོན་མཆོག་ཡང་འཕེལ་ལགས། ཚོགས་དྲུང་ལས་ཁུངས་ཀྱི་ལས་བྱེད་ལྷ་སྐྱིད་ལགས་དང་། བསྟན་འཛིན་ཆོས་དབྱིངས་ལགས་བཅས་ཚོགས་ཆུང་ལྔར་ཆ་བགོས་གནང་སྟེ།

ཕྱི་ཚེས་ ༣ ནས་ ༥ བར་ཚོགས་ཆུང་ལྔ་ནས་སྔ་དྲོ་ཆུ་ཚོད་ ༨ པ་ནས་ཕྱི་དྲོ་ཆུ་ཚོད་ ༨ བར་རྒྱ་གར་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་སོ་སོའི་བཞུགས་གནས་དང་། གྲོས་ཚོགས་ཀྱི་ཚོགས་ཁང་ནང་གྲོས་ཚོགས་འཐུས་མི་ཁྱོན་ཉིས་བརྒྱ་སུམ་ཅུ་སོ་ལྔའི་ལྷན་མཇལ་འཕྲད་གནང་སླད་ཕེབས་ཡོད།

ཕྱི་ཚེས་ ༦ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༧ ཐོག་ (Shangri-La) གསོལ་མགྲོན་ཁང་ནང་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་གཙོས་སྤྱི་འཐུས་རྒྱུན་ལས་རྣམ་པ་དང་། སྤྱི་འཐུས་དཀོན་མཆོག་ཡང་འཕེལ་ལགས། ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་དང་། བྷི་ཇེ་པི་སྲིད་དོན་ཚོགས་མི། རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་པ་སྐུ་ཞབས་ཤན་ཏ་ཀུ་མར་ (Shri.Shanta Kumar,MP and Convenor of All Party Parliamentary Forum for Tibet) མཆོག བྷི་ཧར་མངའ་སྡེ་ནས་ཡིན་པ་ (Janata Dal(United)) སྲིད་དོན་ཚོགས་མི་དང་། གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་བྷ་ཤི་ས་ཐ་ནཱ་རཡན་ སིང་ (Shri.Bashistha Narain Singh,JDU,RS) མཆོག ཨ་རུ་ན་ཅཱལ་མངའ་སྡེ་ནས་ཡིན་པ་ཀོང་རེ་སི་སྲིད་དོན་ཚོགས་མི། གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ནི་ནོང་ ཨེ་རིང་ (Shri.Nenong Ering,Indian National Congress,LS) མཆོག ཀ་ན་ཊར་ཀ་མངའ་སྡེ་ནས་ཡིན་པ་ཀོང་རེ་སི་སྲིད་དོན་ཚོགས་མི་དང་།

རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཀེ་ སིང་ རཱ་མ་མུར་དྷི་ (Shri.K.C.Ramamurthy,Indian National Congress,R.S) མཆོག ཨ་རུ་ན་ཅཱལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་དང་། རྒྱ་གར་ཀོང་རེ་སི་སྲིད་དོན་ཚོགས་མི་དང་། གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་མུ་ཀུཊ་མི་ཐི་ (Shri.Mukut Mithi,Former Cheif Minister of Aurunachal Pradesh,Indian National Congress,R.S) མཆོག ཨུ་ཏར་ཁན་ཌ་མངའ་སྡེ་ནས་ཡིན་པ་ཀོང་རེ་སི་སྲིད་དོན་ཚོགས་མི། རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་པར་དིབ་ཏམ་ཏ་ (Shri.Pradeep Tamta,Indian National Congress,R.S) མཆོག སྲིད་འཛིན་གྱིས་ཐད་བསྐོས་གནང་བ་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ སཝཱ་པན་ དྷ་ས་གྷུབ་ཏ་ (Shri.Swapan Dasgupta, Nominated Member,RS) མཆོག ཀར་ན་ཊ་ཀ་མངའ་སྡེ་ནས་ཡིན་པ་ཀོང་རེ་སི་སྲིད་དོན་ཚོགས་མི། རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཨེམ་ ཝི་ ར་ཇི་ཝི་ གལྦ་ཌ་ (Shri.M.V.Rajeev Gowda) མཆོག ཧི་མཱ་ཅལ་མངའ་སྡེ་ཡིན་པའི་ཀོང་རེ་སི་སྲིད་དོན་ཚོགས་མི། རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་སྐུ་ཝིབ་ལོ་ ཐ་ཀུར་ (Smt.Viplove Thakur,Indian National Congress,R.S) མཆོག ཨོ་ཌི་ཤ་མངའ་སྡེ་ནས་ཡིན་པ་ (Biju Janata Dal) སྲིད་དོན་ཚོགས་མི། རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ན་རིན་དྷར་ཀུ་མར་ས་ཝན་ (Shri.Narender Kumar Swain,Biju Janata Dal,RS) མཆོག ལྡི་ལི་ནས་ཡིན་པ་བྷི་ཇེ་པི་སྲིད་དོན་ཚོགས་མི། རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཨུ་དྷིཌ་ རཱཇ་ (Shri.Udit Raj,BJP,L.S) མཆོག ལྡི་ལི་སྐུ་ཚབ་དོན་གཅོད་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག ལྡི་ལི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་དྲུང་ཆེ། འཕགས་བོད་འབྲེལ་མཐུད་ལས་ཁུངས་ཀྱི་འགན་འཛིན་གཙོས་ལས་བྱེད་རྣམ་པ་བཅས་ལྷན་འཛོམས་གནང་ཡོད་པ་དང་།

སྐབས་དེར་དཔལ་ལྡན་ཚོགས་གཞོན་མཆོག་གིས་ཐོག་མར་འཚམས་འདྲི་དང་སྦྲགས་གསུང་དོན། སྤྱིར་བཏང་ཕྱི་ལོ་ ༡༩༧༠ ཙམ་ནས་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་འགོ་བཙུགས་གནང་ཡོད་པ་དང་། དེ་ནས་རིམ་པས་ད་བར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་སྣེ་འཁྲིད་མཁན་མང་པོ་བྱུང་ཡོད་རེད། ད་ལྟ་སྐུ་ཞབས་ཤན་ཏ་ཀུ་མར་མཆོག་གིས་ཚོགས་པ་སྣེ་འཁྲིད་བཞིན་ཡོད། དེ་བཞིན་ཕྱི་ལོ་ ༢༠༡༤ ནས་ ༢༠༡༨ ཕྱི་ཟླ་ ༨ བར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་རིམ་པ་རྒྱ་གར་གྲོས་ཚོགས་ཚོགས་དུས་སྐབས་སོ་སོར་རྒྱལ་ས་ལྡི་ལིར་ཕེབས་ཏེ་རྒྱ་གར་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་ཁྱོན་ ༢༧༠ ལྷག་མཇལ་འཕྲད་ཀྱིས་བོད་ཀྱི་གནད་དོན་ཞུ་སྐུལ་གནང་ཡོད་པ་མ་ཟད། ཚོགས་འདུ་ཁག་བརྒྱད་ཙམ་ཚོགས་ཏེ་གྲོས་ཆོད་མང་དག་ཅིག་བཞག་གནང་ཡོད།

གྲོས་ཆོད་ཀྱི་དགོངས་དོན་གཞིར་བཟུང་། རྒྱ་གར་གྲོས་ཚོགས་ནང་བོད་དོན་གླེང་སློང་ཐུབ་པ་བྱུང་ཡོད་པ་དང་། དེ་བཞིན་རྒྱ་གར་གྲོས་ཚོགས་འཐུས་མི་རྣམས་རྡ་རམ་ས་ལར་ཆེད་ཕེབས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་མཛད་སྒོ་ཁག་ལ་སྐུ་མགྲོན་དུ་ཕེབས་པ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་སྐབས་སོ་སོར་ཕེབས་ཐུབ་པ་བྱུང་ཡོད། འོན་ཀྱང་གྲོས་ཆོད་གཉིས་ཙམ་མཇུག་སྐྱོང་གནང་རྒྱུ་ཡོད་པ་དང་། གཅིག་ནི་རྒྱ་གར་གཞུང་ནས་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་གྱི་ཆེས་མཐོའི་གཟེངས་རྟགས་ (Bharat Ratna) འབུལ་རྒྱུའི་སྐོར་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ (Joint Session of Indian Parliament) ནང་གདན་འདྲེན་ཞུ་ཐུབ་པ་བྱ་རྒྱུ་དེ་གཉིས་མུ་མཐུད་མཇུག་སྐྱོང་གནང་རྒྱུ་ཡིན།

དེ་རིང་འདིར་གྲོས་ཚོགས་འཐུས་མི་རྣམ་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གསོལ་ཚིགས་ཤིག་གོ་སྒྲིག་ཞུ་རྒྱུ་བྱུང་བར་དགའ་སྤྲོ་ཆེན་པོ་བྱུང་ཞེས་དང་། འདི་ལོའི་ཕྱི་ཟླ་ ༣ ཚེས་ ༡༠ ཉིན་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་བཙན་བྱོལ་ལ་ཞབས་སོར་འཁོད་ནས་ལོ་ངོ་དྲུག་ཅུ་འཁོར་གྱི་ཡོད། བྱས་ཙང་ཁྱེད་རྣམ་པས་ད་བར་བོད་དོན་ཐོག་རྒྱབ་སྐྱོར་གནང་བར་ངས་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བོད་ནང་གི་གནས་སྟངས་མུ་མཐུད་ཛ་དྲག་ངང་གནས་ཡོད་ཀྱང་། བོད་ཕྱི་ནང་གཉིས་ནས་སེམས་ཤུགས་མ་ཆག་པར་བོད་ཀྱི་བདེན་མཐའ་གསལ་རྒྱུར་སྔར་ལྷག་འབད་བརྩོན་གནང་བཞིན་ཡོད་པ་དང་། ལྷག་པར་བཙན་བྱོལ་ནང་ཡོད་པའི་བོད་མི་ཚོས་བོད་ཀྱི་འཐབ་རྩོད་འཛམ་གླིང་ཡོངས་ལ་སྙོབ་རྒྱུའི་འབད་བརྩོན་བྱེད་བཞིན་ཡོད། རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ནུས་པར་བརྟེན་ནས། ད་ལྟའི་ཆར་རྒྱལ་སྤྱིའི་ནང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་མང་པོ་བཙུགས་ཐུབ་པ་བྱུང་ཡོད། དེ་རིང་རྣམ་པ་ཚོས་དུས་ཚོད་བཏང་སྟེ་འདིར་ཕེབས་པར་སླར་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་སོགས་གསུངས་རྗེས།

སྐུ་ཞབས་ཤན་ཏ་ཀུ་མར་མཆོག་གིས་ཕྱི་ལོ་ ༢༠༡༤ ནས་ད་བར་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་སྣེ་འཁྲིད་གནང་རྒྱུའི་གོ་སྐབས་བྱུང་བར་དགའ་པོ་བྱུང་ཞེས་དང་། རྡ་རམ་ས་ལ་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཞུགས་གནས་ཡིན་པར་བརྟེན། ཧི་མཱ་ཅལ་མངའ་སྡེའི་ནང་འཛམ་གླིང་ཡོངས་རྫོགས་ཀྱི་མི་སླེབས་ཀྱི་ཡོད་སྐོར་དང་། དེ་བཞིན་བོད་དོན་བདེན་མཐའ་གསལ་རྒྱུར་མུ་མཐུད་ཤུགས་རྒྱག་དགོས་པ། བོད་མིའི་མངོན་འདོད་གཞིར་བཟུང་རྒྱ་ནག་གཞུང་གི་ངོས་ནས་བོད་རྒྱ་འབྲེལ་མོལ་བྱེད་དགོས་པ་སོགས་གསུངས་གནང་སོང་།

དེ་ནས་དཔལ་ལྡན་ཚོགས་གཞོན་མཆོག་གིས་སྐུ་ཞབས་ཤན་ཏ་ཀུ་མར་མཆོག་གིས་ད་བར་བོད་དོན་ཐོག་རྒྱབ་སྐྱོར་གནང་བར་བསྔགས་བརྗོད་དང་སྦྲགས། སྟོན་པའི་སྐུ་ཐང་ཞིག་ཕྱག་རྟགས་སུ་ཕུལ་གནང་རྗེས། རིམ་པས་སྐུ་མགྲོན་རྒྱ་གར་གྲོས་ཚོགས་འཐུས་མི་རྣམ་པ་སོ་སོར་མཇལ་དར་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལྗགས་རྩོམ་གནང་བའི་བཙན་བྱོལ་ནང་གི་རང་དབང་ (Freedom In Exile) ཞེས་པའི་ཨིན་ཡིག་དེབ་ཕྱག་རྟགས་སུ་ཕུལ་གནང་བ་བཅས། །

Share with your friends










Submit