ཟླ་བ་ ༡ ཚེས ༡༡ ༢༠༡༩
Published By སྐལ་བཟང་བདེ་སྐྱིད།

༢༠༡༩ ཟླ་ ༡ ཚེས་ ༡༡ རེས་གཟའ་པ་སངས།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡ ཚེས་ ༡༡ རེས་གཟའ་པ་སངས་ཉིན་བཀའ་ཤག་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ནས་བཙན་བྱོལ་བོད་མི་རྣམས་ལ་དབྱར་ཚོང་རོགས་སྐྱོར་ལས་གཞི་དང་པོ་འགོ་འཛུགས་སྐོར་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དབུ་བཞུགས་ཐོག་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་དང་། དཔལ་འབྱོར་དྲུང་ཆེ་ཡེ་ཤེས་དབང་མོ་ལགས།CEO Ram Mohan Rao ལགས། དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འགན་འཛིན་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས། འཆར་འགོད་འགན་འཛིན་འབུམ་རམས་པ་དཀོན་མཆོག་བརྩོན་འགྲུས་ལགས། ཕྱི་ནང་གི་གསར་འགོད་པ་བཅས་ཁྱོན་མི་གྲངས་ ༣༠ ཙམ་ལྷན་འཛོམས་ཀྱི་ཐོག་མར་འཆར་འགོད་འགན་འཛིན་འབུམ་རམས་པ་དཀོན་མཆོག་བརྩོན་འགྲུས་ལགས་ཀྱིས་གསར་འགོད་གསལ་བསྒྲགས་བསྐོང་ཚོགས་གནང་དགོས་སྐོར་གྱི་གསུང་བཤད་གནང་དོན། དེ་སྔོན་སུད་ཚོང་གི་བུན་གཡར་ལས་གཞི་དང་། དེ་བཞིན་ལས་གཞི་ཆེ་ཆུང་ཁག་གསུམ་ཞིག་འགོ་བཙུགས་བྱེད་རྒྱུའི་ཡིན་སྐོར་སོགས་གསལ་བསྒྲགས་སྤེལ་ཡོད།

མ་འོངས་པར་ལས་གཞི་མུ་མཐུད་སྤེལ་རྒྱུ་དང་། ལྷག་པར་དེའི་སྐབས་ལ་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་ཞེས་པའི་དེབ་སྐྱེལ་ཟིན་ཡོད་སྐོར་དང་། རྒྱ་གར་དངུལ་ཁང་ཆེན་མོའི་ལག་འཁྱེར་ཐོབ་རྒྱུའི་སོགས་ཀྱི་སྐོར་སྙན་གསེང་ཞུས་ཡོད། དེ་རིང་གནས་ཚུལ་གཉིས་ཀྱི་ཐོག་ནས་རྣམ་པ་ལྷན་རྒྱས་ཚོར་ངོ་སྤྲོད་ཞུ་རྒྱུ་ཡིན། གཙོ་བོར་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་ལས་གཞི་དེ་ནི། མང་ཚོགས་ལ་ཕན་ཐོགས་བྱེད་རྒྱུ་ཆེད་ཡིན་པར་བརྟེན་འདི་ལོར་དབྱར་ཚོང་རོགས་སྐྱོར་ལས་གཞི་འགོ་འཛུགས་དང་། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་ལ་རྒྱ་གར་དངུལ་ཁང་ཆེན་མོའི་ལག་འཁྱེར་ཐོབ་ཡོད། ཅེས་གསུངས།

དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་ལ་རྒྱ་གར་ RBI དངུལ་ཁང་ཆེན་མོ་ནས་ལག་འཁྱེར་ཐོབ་པ་དེ་ཉིད་མང་ཚོགས་ལ་ངོ་སྤྲོད་གནང་བ་དང་སྦྲགས། དབྱར་ཚོང་རོགས་སྐྱོར་ལས་གཞི་གསར་པའི་སྐོར་གསུང་དོན། རྒྱ་གར་དངུལ་ཁང་ཆེན་མོ་ནས་ Certificate of Registration ལག་འཁྱེར་ཐོབ་ཡོད། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་ལ་ད་ལན་གཞུང་འབྲེལ་གྱི་ཡིག་ཆ་དེ་བཞིན་ཐོབ་པར་བརྟེན་ད་ཐེངས་ཕྱག་ལས་ཇི་ལྟར་གནང་ཡང་རྒྱ་གར་གྱི་ཁྲིམས་དང་མཐུན་པ་ཞིག་དང་། བཀའ་འཁྲོལ་ཡོད་པའི་ཐོག་ནས་གནང་གི་ཡོད། ཅེས་ཞུ་རྒྱུ་དང་། ཚང་མས་མཁྱེན་གསལ་ལྟར། བོད་མིའི་སྒྲིག་འཛུགས་ནས་སུད་ཚོང་གི་བུན་གཡར་ལས་གཞི་སྤེལ་བ་རེད། སྔ་ལོར་སུད་ཚོང་གི་རོགས་སྐྱོར་ལས་གཞིར་ཕུལ་ཐུབ་ཡོད་པ་དང་བསྟུན་མ་དངུལ་བརྒྱ་ཆ་བརྒྱ་གཏན་འབེབས་དུས་ཚོད་ལས་སྔོན་དུ་ཕྱིར་སློག་ཐུབ་པར་ཨ་རིའི་ཐེབས་རྩ་དང་། དེ་བཞིན་རོགས་དངུལ་གནང་མཁན་རྣམས་ཀྱིས་ཧང་སང་བའི་རྣམ་འགྱུར་སྟོན་ཡོད།

བོད་མི་རིགས་ཀྱི་ཡ་རབས་བཟང་སྤྱོད་དང་བྱམས་སྙིང་རྗེ་སྟོན་གྱི་ཡོད། དེར་མངགས་བརྗོད་གནང་བ་དང་སྦྲགས། བུན་གཡར་ལས་གཞི་དེ་ཉིད་མུ་མཐུད་སྤེལ་དགོས་ཀྱི་ཡོད་པར་བརྟེན། ཕྱིས་སུ་སྲོལ་རྒྱུན་གྱི་རྟ་དྲེལ་དོ་སྐྱེལ་བ་ཆེད་དུ་ཡིན། རྟ་དྲེལ་དོ་སྐྱེལ་བ་རྣམས་ལ་མཐུན་རྐྱེན་སྦྱོར་སྤྲོད་གནང་རྒྱུ་དང་། ལམ་ཟུར་དུ་ཙག་ཙིག་ཚོང་ལས་གཉེར་མཁན་ཚོར་ལས་གཞི་དང་། དེ་བཞིན་གཞིས་ཆགས་ཁག་གི་ནང་འགྲུལ་སྐྱེལ་གླ་འཁོར་གཏོང་མཁན་རྣམས་མཐུན་རྐྱེན་སྦྱོར་སྤྲོད་ཀྱི་ལས་གཞི་སྤེལ་ཡོད། ཕྱོགས་མཚུངས་ལས་གཞི་རྣམས་དུས་ཐོག་ལམ་ལྷོངས་བྱུང་བཞིན་འདུག དེའི་ཐོག་ལ་དཔལ་འབྱོར་བཀའ་བློན་མཆོག་གི་ཞིབ་ཕྲ་གསུང་གི་རེད།

དེ་སྔོན་དགུན་ཚོང་བུན་གཡར་ལས་གཞི་སྤེལ་ཡོད། ད་ལན་དབྱར་ཚོང་བུན་གཡར་ལས་གཞི་ཞིག་འགོ་འཛུགས་གནང་རྒྱུ་རེད། འདི་ལོར་དབྱར་ཚོང་གནང་མཁན་ས་གནས་ཁག་ ༡༣ ནང་ཡོད་པའི་བོད་མི་གྲངས་ ༦༠༠ ཙམ་ལ་ཧིན་སྒོར་ས་ཡ་ ༡༢༠ དབྱར་ཚོང་རོགས་སྐྱོར་ལས་གཞི་གསར་པ་ཞིག་ཕྱི་ཟླ་ ༢ ནས་འགོ་འཛུགས་རྒྱུ་རེད། ཕྱི་ཟླ་ ༧།༨ ནང་མཚམས་གཞག་ནས་དངུལ་དེ་དག་ཕྱིར་སློག་བྱེད་དགོས། སྐྱེད་ཀ་དེ་སུད་ཚོང་བུན་གཡར་ལས་གཞི་ལྟར་བྱས་ནས་བརྒྱ་ཆ་ ༣ བྱས་ན་འགྲོ་བཞིན་ཡོད། དངུལ་ཁང་ནས་བུད་ལོན་ལེན་སྐབས་སྐྱེད་ཀ་བརྒྱ་ཆ་ ༨། ༡༠།༡༢།༡༨ བྱས་ནས་རེད། འགའ་རེས་ཟླ་རེར་བརྒྱ་ཆ་གཉིས་རེ་བྱས་ནས་ལོ་གཅིག་ལ་བརྒྱ་ཆ་ ༢༤ ལེན་ནས་འགྲོ་བཞིན་ཡོད།
བོད་མིའི་སྒྲིག་འཛུགས་ནས་བརྒྱ་ཆ་ ༣ ལེན་པ་ཡིན་ན་འབུམ་ ༢ ལ་དབྱར་ཀའི་རིང་ཚོང་བརྒྱག་སྐབས་འབུམ་གཅིག་ལ་སྐྱེད་ཀ་སྟོང་ཕྲག་དྲུག་ལས་སློག་མི་དགོས། ཞེས་སོགས་ཀྱི་གསུང་བཤད་གནང་སྟེ་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་གིས་གསུང་བཤད་གནང་དོན། སྔ་ལོ་སུད་ཚོང་གི་རོགས་སྐྱོར་ལས་གཞིར་སྤེལ་ཡོད་པ་དང་། དེ་བཞིན་ལམ་ཟུར་ཙག་ཙིག་ཚོང་ལས་གཉེར་མཁན་དང་། སྲོལ་རྒྱུན་རྟ་དྲེལ་དོ་སྐྱེལ་སླད་ལས་གཞི་སྤེལ་ཡོད་པ་དང་བསྟུན་མ་དངུལ་གང་ཙམ་དུས་ཚོད་ལས་སྔོན་དུ་ཕྱིར་སློག་ཐུབ་པར་བརྟེན་ལས་གཞི་དེར་མཉམ་ཞུགས་གནང་མཁན་དང་མཐུན་འགྱུར་སྦྱོར་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ལྷག་བསྡད་པ་རྣམས་མགྱོགས་མྱུར་ཡོང་རྒྱུའི་རེ་བ་བྱེད་བཞིན་ཡོད། དེ་ཡང་འགྲུལ་སྐྱེལ་གླ་འཁོར་གྱི་མཐུན་རྐྱེན་ལེན་མཁན་རྣམས་ནས་ཀྱང་དུས་ཐོག་ཏུ་ཕྱིར་སློག་རྒྱུའི་ཐོག་གལ་ཆེན་པོ་རྩི་དགོས། གོང་དུ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་པ་ལྟར། བཙན་བྱོལ་བོད་མི་རྣམས་ལ་དབྱར་ཚོང་རོགས་སྐྱོར་ལས་གཞི་དེ་ནི་ད་ལྟའི་གནས་སྐབས་ལ་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་མཐུན་འགྱུར་སྦྱར་བ་མ་ཏོག་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འཚོ་རྟེན་རོགས་སྐྱོར་གྱི་ལས་གཞི་ཆགས་ཀྱི་ཡོད། ཅེས་གསུངས།
དེ་རྗེས་གསར་འགོད་པས་དྲི་བར་ལན་འདེབས་གནང་སྟེ་གསར་འགོད་གསལ་བསྒྲགས་དེ་བཞིན་རྒྱལ་ཁའི་ངང་ནས་གྲོལ་ཡོད་པ་བཅས། །

Share with your friends










Submit