Published By བ་ར་ཡེ་ཤེས་ཀུན་གྲགས།

ཕྱི་ལོ་ ༢༠༡༩ ཟླ་ ༡ ཚེས་ ༡༡ རེས་གཟའ་པ་སངས།


༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡ ཚེས་ ༩  ཉིན་གྱི་ཉིན་རྒྱབ་ཆུ་ཚོད་ ༢།༡༢ སྟེང་ཨོ་སི་ཊོ་ལི་ཡའི་མལ་བྷོན་གྲོང་ཁྱེར་གྱི་སྨན་ཁང་ཞིག་ཏུ། མི་ལོ་ ༡༤ ལྷག་རིང་རྒྱའི་བཙོན་ཁང་དུ་མནར་གཅོད་མྱངས་བའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་བེན་ཚང་ཚེ་རིང་བློ་གསལ་ལགས་ནད་རྙིང་བསྐྱར་ལོག་བྱུང་སྟེ་འདས་གྲོངས་སུ་གྱུར་འདུག 

ཆབ་སྲིད་བཙོན་ཟུར་དམ་པ་བེན་ཚང་ཚེ་རིང་བློ་གསལ་ལགས་ནི། ཕྱི་ལོ་ ༡༩༣༧ ཟླ་ ༡༡ ཚེས་ ༢༧ ཉིན་ཁམས་ཁྱུང་པོ་རྨེ་རུ་ཞེས་པར་ཕ་རྡོ་རྒྱལ་དང་མ་བཀྲ་ཤིས་ཆོས་འཚོ་གཉིས་ཀྱི་བུར་སྐྱེས་ཤིང་། ཁོང་གི་ཁྱིམ་ཚང་གི་མིང་ལ་ཉི་རི་བེན་ཚང་ཞེས་འབོད་ཀྱི་ཡོད་པ་དང་། དམ་པ་ཚེ་རིང་བློ་གསལ་ལགས་ལ་སྤུན་མཆེད་བུ་དྲུག་ཡོད་པའི་ནང་ནས་ཁོང་ཆེ་ཤོས་གཉིས་པ་དེ་ཡིན་ལ།  ད་ལྟ་ཁོང་བཟའ་ཟླ་གཉིས་ལ་བུ་མོ་གསུམ་ཡོད་པ་ལས་ཆེ་བ་གཉིས་ཨ་རིར་ཡོད་འདུག

དམ་པ་ཚེ་རིང་བློ་གསལ་ལགས་ཀྱིས་ང་ལ་གུང་ཁྲན་ཏང་མགོ་རྟིང་སློག་རྒྱུའི་ནུས་པ་མེད་པ་མ་གཏོགས་བསམ་བློ་ཡོད་ཅེས་རྒྱ་ནག་གཞུང་གི་བཙན་གནོན་ལ་མཐའ་གཅིག་ཏུ་ངོ་རྒོལ་གནང་བར་བརྟེན། མི་ལོ་ ༡༤ ལྷག་རིང་རྒྱ་ནག་གཞུང་གི་བཙོན་འོག་ཏུ་སྡུག་སྦྱོང་མནར་གཅོད་མྱངས་ཡོད་པ་དང་། ཕྱི་ལོ་ ༡༩༧༩ ཟླ་ ༡༠ ནང་བཙོན་གྲོལ་ཐོབ་རྗེས། བཙོན་རོགས་འགའ་དང་ལྷན་དུ་བོད་ཀྱི་རྒྱལ་ས་ལྷ་སར་བོད་ཀྱི་སྟག་འབྲུག་ཚོགས་པ་ཞེས་པ་བཙུགས་ཤིང་། ཕྱིས་སུ་ཆབ་སྲིད་ཀྱི་རྒྱུ་རྐྱེན་སྣ་ཚོགས་འོག་སླར་ཡང་བཙོན་འཇུག་བྱེད་སྲིད་པའི་ཉེན་ཁར་འཕྲད་སྟབས། ཕྱི་ལོ་ ༡༩༩༣ ཟླ་ ༡༠ པའི་ནང་བཙན་བྱོལ་དུ་བསླེབས། ཕྱིས་སུ་བོད་རྒྱལ་ཡོངས་ཆབ་སྲིད་བཙོན་གྲོལ་བདེ་དོན་ཚོགས་པ་ནས་ཁོང་གིས་བཙོན་འོག་ཏུ་དཀའ་སྡུག་མནར་གཅོད་ཚད་མེད་མྱངས་བའི་ལོ་རྒྱུས་དངོས་བྲིས་༼ཁྲག་དྲོན་གྱི་འཁྱུག་བྲིས།༽ཞེས་པ་སོགས་སྔ་རྗེས་དེབ་གཉིས་བཏོན་ཡོད་འདུག །

Share with your friends










Submit