ཟླ་བ་ ༡༢ ཚེས ༥ ༢༠༡༨
Published By སྐལ་བཟང་རྒྱ་མཚོ།

ཕྱི་ལོ་ ༢༠༡༨ཟླ་ ༡༢ ཚེས་ ༥ རེས་གཟའ་ལྷག་པ། 

༄༅། །ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་བོད་ནང་ཕར་ཚུར་འགྲོ་འོང་གི་གོ་སྐབས་འདྲ་མཉམ་གྱི་ཁྲིམས་འཆར་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དང་། གལ་ཏེ་ཁྲིམས་འཆར་དེ་ཁྲིམས་སུ་གཏན་འབེབས་བྱུང་ན་ལག་བསྟར་གནང་རྒྱུའི་གོམ་པ་སྤོ་ངེས་རེད་ཅེས་གསུངས་འདུག

དོན་ཚན་གསུམ་པ། རྒྱ་ནག་ལ་གདོང་ལེན། མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་། ཁྲིམས་ཀྱི་སྐྱོང་བ་ཞེས་པའི་བརྗོད་གཞི་གཞིར་བཞག་ཐོག་ཉན་ཞིབ་ཚོགས་ཆུང་ཞིག་ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༤ ཉིན་ཚོགས་ཡོད་པ་དང་། སྐབས་དེར་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་ལས་བྱེད་ཅིག་གིས་བརྗོད་དོན། ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་བོད་ནང་ཕར་ཚུར་འགྲོ་འོང་གི་གོ་སྐབས་འདྲ་མཉམ་གྱི་ཁྲིམས་འཆར་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དང་། གལ་ཏེ་ཁྲིམས་འཆར་དེ་ཁྲིམས་སུ་གཏན་འབེབས་བྱུང་ན་། དེ་ལག་བསྟར་གནང་རྒྱུའི་གོམ་པ་སྤོ་ངེས་རེད། ཅེས་གསུངས། ཉན་ཞིབ་ཚོགས་ཆུང་དེས་རྒྱ་ནག་གཞུང་གིས་སྤྱི་ནོར་༧གོང་ས་སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་ཡང་སྲིད་བསྐོ་གཞག་བྱ་རྒྱུ་དེར་ངོས་ལེན་མེད་པ་གསལ་པོར་གསུངས་འདུག

ཨ་རིའི་གྲོས་ཚོགས་གོང་མའི་གྲོས་ཚོགས་འཐུས་མི་ཁོ་རེ་གྷར་ཌ་ནར་Cory Gardner ལགས་ཀྱིས། ཨ་རིའི་གྲོས་ཚོགས་ནས་རྒྱ་ནག་གཞུང་གིས་བཙན་གྱིས་སྤྱི་ནོར་༧གོང་ས་སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་ཡང་སྲིད་བསྐོ་གཞག་བྱ་རྒྱུར་ངོས་ལེན་བྱེད་འདོད་མེད་པ་གསལ་པོ་རེད། ཅེས་གསུངས། 
ཨ་རིའི་ཕྱི་འབྲེལ་ཤར་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོ་མངའ་ཁུལ་གྱི་ལས་དོན་ཚན་པའི་དྲུང་ཆེ་ལས་རོགས་གཞོན་པའི་ལས་ཚབ་ལོ་ར་སི་ཊོན་ Laura Stone ལགས་ཀྱིས། ཆོས་ལུགས་ཀྱི་ཐག་གཅོད་རྣམས་ཆོས་ལུགས་ཀྱི་སྒྲིག་འཛུགས་རང་ནས་ཐག་གཅོད་བྱེད་དགོས་པ་ལས་སྲིད་གཞུང་གིས་ཐག་གཅོད་བྱེད་དགོས་པ་མ་རེད། ཆོས་ལུགས་ཀྱི་སྒྲིག་འཛུགས་ཀྱིས་ཐག་གཅོད་ལ་ཨ་རི་མི་མང་གིས་ཡོངས་ཁྱབ་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཅེས་གསུངས།   ཉན་ཞིབ་ཀྱི་ཚོགས་འདུའི་ཐོག་ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚན་པའི་ཚོགས་ཆུང་ཨ་རིའི་ཤར་ཨེ་ཤི་ཡ་དང་། ཞི་བདེ་རྒྱ་མཚོ་དང་རྒྱལ་སྤྱིའི་དྲ་རྒྱའི་སྲིད་བྱུས་ཚན་པ། ཨ་རིའི་ཕྱི་འབྲེལ་ཚན་པ། ཨ་རིའི་རོགས་རམ་ཐེབས་རྩ་ཁང་ USAID གི་སྐུ་ཚབ་བཅས་མཉམ་ཞུགས་གནང་ཡོད།

སན་གྷར་ཌ་ནར་ Sen Gardner ལགས་ཀྱིས། རྒྱ་ནག་གཞུང་གིས་ཨ་རིའི་གསར་འགོད་པ་དང་ཡུལ་སྐོར་སྤྲོ་འཆམ་པ་ཚོ་བོད་ནང་སྐྱོད་རྒྱུར་དམ་དྲག་བྱེད་བཞིན་ཡོད་པ་ལྟར། རྒྱ་ནག་གཞུང་གིས་ཨ་རིའི་སྐུ་ཚབ་ཚོའི་ཐོག་ལའང་དམ་དྲག་བྱས་པར་བརྟེན་ད་བར་ཨ་རིའི་སྐུ་ཚབ་ཉུང་ཤས་ལས་མ་གཏོགས་བོད་ནང་བསྐྱོད་ཐུབ་མེད། ཅེས་བརྗོད།

གྲོས་ཚོགས་གོང་མིའི་འཐུས་མི་སྐུ་ཞབས་མར་ཁོ་རུ་བྷིའོ་ Marco Rubio མཆོག་དང་། ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཊིམ་ཀེན་ Tim Kaine མཆོག སྐུ་ཞབས་མར་ཀི་ Ed Markey ལགས་བཅས་ནས་ཉན་ཞིབ་ཚོགས་འདུའི་སྟེང་བོད་དོན་སྐོར་རྒྱབ་སྐྱོར་གནང་རྒྱུ་ཡིན་པའི་སྐོར་གསུངས།

ཨ་རིའི་རོགས་རམ་ཐེབས་རྩ་ཁང་ USAID གི་འགན་འཛིན་ལས་རོགས་ཀྱི་ལས་ཚབ་གྷི་ལོ་རི་ཡ་ Gloria Steele  ལགས་ནས་ཉན་ཞིབ་ཚོགས་འདུའི་ཐོག་ཨ་རིའི་རོགས་རམ་ཐེབས་རྩ་ཁང་གིས་ད་བར་བོད་མི་ཚོར་ཆོས་དང་རིག་གཞུང་། ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་ཆེད་དུ་དཔལ་འབྱོར་གྱི་རོགས་རམ་གནང་དང་གནང་བཞིན་པའི་སྐོར་གསུངས། ། 

Share with your friends










Submit