ཟླ་བ་ ༡༢ ཚེས ༡༠ ༢༠༡༨

ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༡༠ རེས་གཟའ་ཟླ་བ།

༄༅། །ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག ཁམས་གསུམ་ཆོས་ཀྱི་རྒྱལ་པོ། འཇིག་རྟེན་ཞི་བདེའི་དེད་དཔོན། བོད་མིའི་འདི་ཕྱི་གཉིས་ཀྱི་མགོན་སྐྱབས་དང་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་འཛམ་གླིང་ནང་ཆེས་སྙན་གྲགས་ཆེ་བའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཕུལ་ནས་མི་ལོ་ཉེར་དགུ་འཁོར་བའི་དུས་ཚིགས་ཁྱད་པར་ཅན་གྱི་སྐབས་འདིར། མགོན་པོ་གང་ཉིད་ལ་གུས་ཕྱག་སྔོན་དུ་བཏང་སྟེ་བཀའ་དྲིན་རྗེས་དྲན་དང་འཚམས་འདྲི་ཞུ་བ་དང་ཆབས་ཅིག། སླད་ནས་ཀྱང་སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་པའི་གསོལ་བ་ཕུར་ཚུགས་སུ་འདེབས་རྒྱུ་ཡིན། དེ་བཞིན་གཞིས་བྱེས་བོད་མི་ཡོངས་དང་། འདི་གར་ཕེབས་པའི་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པས་དབུས་ཕྱི་ནང་གི་སྐུ་མགྲོན་རྣམ་པ། གཞན་ཡང་བོད་དང་བོད་མིར་གདུང་སེམས་མཉམ་བསྐྱེད་གནང་མཁན་གྱི་སྲིད་གཞུང་དང་གྲོས་ཚོགས། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག རྒྱལ་སྤྱིའི་མང་ཚོགས་བཅས་ཚང་མར་ད་རིང་གི་གོ་སྐབས་འདི་བརྒྱུད་མཛའ་བརྩེའི་འཚམས་འདྲི་ཞུ་རྒྱུ་ཡིན།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ཞི་བདེ་ལྡན་པ་ཞིག་དང་སྐྱེ་འགྲོ་ཀུན་ལ་བདེ་སྐྱིད་བསྐྲུན་ཆེད་འགྲོ་བ་མིའི་བཟང་སྤྱོད་གོང་སྤེལ་གཏོང་རྒྱུ་དང་། འཛམ་གླིང་ནང་ཆོས་ལུགས་མང་པོ་ཡོད་པ་རྣམས་ཕན་ཚུན་མཐུན་འབྲེལ་དག་སྣང་སྦྱོང་ཐབས་སོགས་སྐུ་ཚེའི་ཐུགས་བསྐྱེད་དམ་བཅར་ཇི་ལྟར་མཛད་བཞེས་གནང་བ་ལྟར། ཆོས་ཁས་ལེན་མིན་ལ་མ་ལྟོས་པར་འགྲོ་བ་མིའི་རང་གཤིས་སུ་ཡོད་པའི་བྱམས་པ་དང་། སྙིང་རྗེ། བཟོད་སྲན། གཞན་ཕན། ལྷག་བསམ་སོགས་སྐྱེ་བོ་མཐོ་དམན་ཚང་མའི་རྒྱུད་ལ་འཇགས་ཐབས་ཀྱིས་མིའི་བཟང་སྤྱོད་གོང་འཕེལ་གཏོང་ཐབས་དང། འཛམ་གླིང་ནང་གི་ཆོས་ལུགས་མང་པོ་ཡོད་པ་དེ་དག་ནང་ཁུལ་ཕན་ཚུན་མཐུན་འབྲེལ་ཡོང་རྒྱུར་ཐུགས་བརྩོན་གནང་བཞིན་པ་ཙམ་མ་ཟད། འཛམ་གླིང་ཞི་བདེ་དང་འགྲོ་བ་ཡོངས་ལ་བདེ་སྐྱིད་བསྐྲུན་རྒྱུར་ཆོས་ལུགས་དེ་དག་གི་ངོས་ནས་ཞབས་འདེགས་ཀྱང་ཞུ་ཐུབ་རྒྱུའི་ཐུགས་རེ་དང་ཡིད་ཆེས་གནང་གི་ཡོད།

དེ་བཞིན་རྒྱལ་སྤྱིའི་ནང་འགྲོ་བ་མིའི་ཐོབ་ཐང་དང་། ཁོར་ཡུག་གི་གནད་དོན་སོགས་རྩོད་རྙོག་དང་མི་མཐུན་པ་ཇི་ཡོད་རྣམས་གྲོས་མོལ་གྱི་ལམ་ནས་སེལ་དགོས་པ་དང་། རྡུལ་ཕྲན་མཚོན་ཆ་དང་དམག་འཁྲུག་མེད་པའི་འགྲོ་བ་མིའི་སྤྱི་ཚོགས་བྱམས་བརྩེ་ལྡན་པ་ཞིག་བསྐྲུན་རྒྱུ། འགྲོ་བ་མི་ཙམ་མ་ཡིན་པར་སའི་གོ་ལའི་སྣོད་བཅུད་ཡོངས་ལ་འཚེ་བ་སྤོང་དགོས་པའི་ཀུན་ཁྱབ་སེམས་ཁུར་གྱི་ལྟ་གྲུབ་ལམ་སྟོན་མཛད་དེ། གནད་དོན་དེ་དག་གི་ཐོག་ཐུགས་ཁུར་ཧ་ཅང་ཆེན་པོའི་ངང་ནས་ཐུགས་བརྩོན་མཛད་བཞིན་པར་ཀུན་གྱིས་ཡི་རངས་དང་བསྔགས་བརྗོད་ཞུ་བཞིན་ཡོད་པ་དང་། ལྷག་པར་བོད་ཀྱི་གནད་དོན་ལ་མཚོན་ནའང་། རྒྱ་དམར་གྱིས་བོད་སར་བཙན་འཛུལ་བྱས་པ་ནས་བཟུང་གནས་སྟངས་ཛ་དྲག་ཆེ་ཆུང་ཇི་ཡིན་ལ་མ་ལྟོས་པར་འཚེ་མེད་ཞི་བ་དང་། བཟོད་སྲན། ཕན་ཚུན་གཉིས་ཕན་གཙོ་བཟུང་གིས་ཞི་བའི་གྲོས་མོལ་ཁོ་ནའི་ལམ་ནས་འགྲིག་འཇགས་ཡོང་ཐབས་བཅས་རྨད་བྱུང་གི་མཛད་བཟང་དེ་དག་ལ་ངོས་འཛིན་དང་ཆེ་བསྟོད་ཞུ་ཆེད་ཕྱི་ལོ་ ༡༩༨༩ ལོར་ཆེས་སྙན་གྲགས་ཆེ་བའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་དགྱེས་འབུལ་ཞུས་ཡོད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་འཛམ་གླིང་ཞི་བདེ་བསྐྲུན་རྒྱུར་ལྷག་བསམ་རྣམ་དག་གིས་ཐུགས་བརྩོན་གནང་དང་གནང་བཞིན་པར་བརྟེན། ༸གོང་ས་མཆོག་ནི་འཇིག་རྟེན་འདིར་ཞི་བདེ་དང་བྱམས་བརྩེའི་མཚོན་རྟགས་སུ་ངོས་འཛིན་ཞུ་བ་ཙམ་མ་ཟད་འཛམ་གླིང་ནང་གུས་བཀུར་དང་དགའ་མོས་ཆེ་ཤོས་ཞུ་ཡུལ་གྱི་དབུ་འཁྲིད་ཅིག་ཀྱང་ཡིན། དེ་བཞིན་༸གོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་པ་དེས་བོད་ཀྱི་བདེན་དོན་ཐོག་ལའང་རྒྱལ་སྤྱིའི་ནང་གོ་རྟོགས་དང་། དོ་སྣང་། དེ་བཞིན་རྒྱབ་སྐྱོར་ཇེ་ཆེར་སོང་ཡོད་པ་ནི་དགའ་སྤོབས་བྱེད་དགོས་པ་ཞིག་ཀྱང་ཡིན།

འགྲོ་བ་ཡོངས་ལ་བདེ་སྐྱིད་དོན་དང་ལྡན་པ་ཞིག་བསྐྲུན་པར་དེང་རབས་ཀྱི་ཤེས་བྱ་གཅིག་པུས་ལྡང་གི་མེད་པར་བརྟེན། བོད་པས་ལོ་ངོ་སྟོང་ཕྲག་གི་རིང་གཅེས་ཉར་བྱས་པའི་ནཱ་ལེནྡྲའི་གནའ་བོའི་ལེགས་བཤད་དེ་དག་ཆོས་ཁས་ལེན་མིན་ལ་མ་ལྟོས་པར་འགྲོ་བ་མིའི་རྣམ་དཔྱོད་གོང་འཕེལ་གཏོང་རྒྱུ་དང་། འཛམ་གླིང་ཞི་བདེ་བསྐྲུན་རྒྱུ་སོགས་ལ་ཆེས་མཁོ་བའི་ཤེས་ཡོན་གྱི་སྡེ་ཚན་ཞིག་ཏུ་ངོས་འཛིན་གྱིས་འགྲོ་བ་མི་ཡོངས་ཀྱིས་སློབ་སྦྱོང་བྱེད་དགོས་པར་སྐུལ་མ་ཡང་ཡང་གནང་བཞིན་པ་མ་ཟད། ལྷག་པར་རྒྱ་གར་ནང་གནའ་བོའི་ལེགས་བཤད་དེ་དག་སླར་གསོ་གནང་རྒྱུར་ཐུགས་བརྩོན་ཡང་ཧ་ཅང་ཆེན་པོ་གནང་བཞིན་ཡོད་པ་དེར། རྒྱ་གར་དབུས་དང་འབྲེལ་ཡོད་མངའ་གཞུང་སོ་སོ་ནས་ཀྱང་དེའི་ཐོག་ལ་མོས་མཐུན་དང་རྒྱབ་སྐྱོར་གང་ལེགས་གནང་བཞིན་པར་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་དང་། ཐུགས་བསྐྱེད་དམ་བཅའ་དེའི་ཐོག་བོད་མིའི་སྒྲིག་འཛུགས་དང་གཞན་ཡང་འབྲེལ་ཡོད་སྡེ་ཁག་རྣམས་ནས་ཀྱང་གཞོགས་འདེགས་ཇི་དགོས་ཞུ་རྒྱུའི་འགན་ཡོད་པ་ལྟར་ཚང་མས་ཐུགས་འཁུར་བཞེས་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན།

གཞན་ཡང་ད་རིང་ནི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་སྤེལ་ནས་ལོ་ངོ་ ༧༠ འཁོར་བའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར་ཡང་སྲུང་བརྩི་ཞུ་ཡི་ཡོད། འོན་ཀྱང་བོད་ཀྱིས་གཙོས་འཛམ་གླིང་ཡུལ་གྲུ་མང་པོའི་ནང་དབང་འཛིན་པ་ཚོས་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་ཚབས་ཆེ་གཏོང་བཞིན་པའི་གནས་སྟངས་འོག་ཡོད། བོད་ནང་བོད་མི་ཚོས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་མི་རིགས་ས་གནས་རང་སྐྱོང་གི་བཅའ་ཁྲིམས་གཉིས་སོ་སོའི་དགོངས་དོན་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག ཁོར་ཡུག་བཅས་སྲུང་སྤེལ་དང་མངོན་འདོད་བཏོན་པ་ཙམ་གྱིས་འཛིན་བཟུང་དང་བཙོན་འཇུག་སོགས་བྱེད་པའི་གནས་སྟངས་ཡོད་བཞིན་པ་བཅས་ལ་བརྟེན་བོད་མི་ཚོས་རྒྱ་གཞུང་གི་དྲག་གནོན་གྱི་སྲིད་བྱུས་ལ་རྣམ་པ་དང་གཞི་རྒྱ་ཆེ་ཆུང་འདྲ་མིན་གྱི་ཐོག་ནས་ཞི་བའི་ངོ་རྒོལ་རིམ་བསྟུད་བྱས་ཡོད། ལྷག་པར་ཕྱི་ལོ་ ༢༠༠༩ ནས་བཟུང་ད་བར་བོད་ནང་བོད་མི་ ༡༥༣ གྱིས་རང་གི་རྩ་ཆེའི་ཚེ་སྲོག་བློས་བཏང་གིས་ “བོད་ལ་རང་དབང་དགོས་པ་དང། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་འདྲེན་ཞུ་དགོས།” ཞེས་བོད་མི་རིགས་ཀྱི་མངོན་འདོད་ཀྱི་འབོད་སྒྲ་སྒྲོག་བཞིན་རང་ལུས་མེར་སྲེག་གནང་ཡོད། ཉེ་སྔོན་ཟླ་བ་གཅིག་ཙམ་གོང་དུ་ཨ་མདོ་རྔ་པ་རྫོང་ཆོས་རྗེ་མ་ཡུལ་ཚོའི་བྱ་སྐོར་སྡེ་པ་ནས་ཡིན་པའི་ན་གཞོན་རྡོ་པོ་ལགས་ཀྱིས་ “༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་བརྟན་པ་དང་། གསེར་ཞལ་མྱུར་དུ་མཇལ་བར་ཤོག” ཅེས་སྐད་འབོད་བྱེད་བཞིན་རང་ལུས་མེར་སྲེག་བཏང་ནས་འདས་གྲོངས་སུ་གྱུར་ཡོད།

བོད་མིའི་ཐོག་དམ་བསྒྲགས་ཇེ་ཆེར་གཏོང་ཆེད་འདི་ལོའི་ལོ་འགོ་ཙམ་ནས་བོད་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་ཟེར་བས་ནག་གཤེད་ཕྱོགས་གཏོགས་ཀྱི་ཁྲིམས་འགལ་ཉེས་གསོག་ཐེར་འདོན་བྱ་རྒྱུའི་བརྡ་ཁྱབ་ཟེར་བ་དོན་ཚན་ཉེར་གཉིས་ཅན་ཞིག་བཏང་བ་དེ་དག བོད་རང་སྐྱོང་ལྗོངས་ཟེར་བ་ཙམ་མིན་པར་བོད་ས་གཞན་དག་རྣམས་ལའང་ལག་བསྟར་བྱེད་བཞིན་ཡོད་འདུག བརྡ་ཁྱབ་དེའི་ནང་ཕ་སྐད་དང་ཁོར་ཡུག་སྲུང་སྐྱོབ་བྱེད་པ། དེ་བཞིན་དབུ་མའི་ལམ་སྐོར་དྲིལ་བསྒྲགས་བྱས་པ་ཡིན་ན་ལོག་སྤྱོད་ཀྱི་བསམ་བློ་དང་གུ་དོག་གི་མི་རིགས་རིང་ལུགས་ཀྱི་བསམ་བློ་དྲིལ་བསྒྲགས་བྱེད་མཁན་གྱི་ཁ་བྲལ་བ་ཡིན་པའི་ཉེས་འཛུགས་བྱས་ཏེ་ཐེར་འདོན་གྱིས་རྡུང་རྡེག་གཏོང་དགོས་སྐོར་བརྗོད་འདུག ཕ་སྐད་སྲུང་སྐྱོབ་དང་ཁོར་ཡུག་སྲུང་སྐྱོབ་བྱེད་པ་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་ནང་འགན་སྲུང་བྱས་ཡོད། དེ་བཞིན་རྒྱ་གཞུང་གི་འགོ་འཁྲིད་ཚོས་༸གོང་ས་མཆོག་དང་འབྲེལ་མོལ་གྱི་སྒོ་མོ་ཕྱེ་ནས་ཡོད་སྐོར་བསྒྲགས་བཞིན་ཡོད་ནའང། ༸གོང་ས་མཆོག་གི་ངོས་ནས་བོད་ཀྱི་གནད་དོན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་སེལ་རྒྱུ་དང་། དེ་ཡང་དབུ་མའི་ལམ་ནི་ཕན་ཚུན་དབར་གྱི་འབྲེལ་མོལ་གྱི་གཞི་རྩ་ཡང་ཡིན་པ་དེར་རྒྱབ་སྐྱོར་བྱེད་ན་ཁ་བྲལ་དང་ནག་གཤེད་ཕྱོགས་གཏོགས་ཀྱི་ཞྭ་མོ་གཡོགས་པ་ནི་ཁ་ཞེ་མི་མཚུངས་པ་ཡིན་པ་གསལ་པོ་རེད།

དེ་བཞིན་བོད་མི་ཚོར་ཕྱི་རྒྱལ་ཡུལ་ཁག་ཏུ་ཡུལ་སྐོར་དང་། གཉེན་འཕྲད། གནས་མཇལ་སོགས་ལ་འགྲོ་རྒྱུར་ཡང་རྒྱ་ནག་གཞུང་ནས་ཕྱི་བསྐྱོད་ལག་འཁྱེར་སྤྲོད་རྒྱུར་ཚོད་འཛིན་དང་ཕྱི་བསྐྱོད་ལག་འཁྱེར་སྤྲད་ཟིན་པ་རྣམས་ཕྱིར་བསྡུ་བྱེད་པ། ལྷག་པར་བོད་མི་རྣམས་བོད་ས་ནང་ཁུལ་དུ་འགྲོ་འདུག་བྱེད་པའི་རང་དབང་ལའང་དམ་བསྒྲགས་ཆེན་པོ་བྱེད་བཞིན་ཡོད་པ་སོགས་ནི་བོད་མི་ཚོར་དོན་དམ་གྱི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་མེད་པ་གསལ་པོ་ཡིན། བོད་མིའི་ཐོག་དམ་བསྒྲགས་ཇི་ཡོད་ཀྱི་གནས་སྟངས་སྐོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་སྙན་ཐོ་ཐེ་བའི་རྒྱལ་སྤྱིའི་ཁུངས་འཕེར་གྱི་སྙན་ཐོ་མང་པོའི་ནང་གསལ་བཀོད་བྱས་འདུག་པས་ཞིབ་རྒྱས་ཞུ་དགོས་མ་མཐོང་།

ཕྱི་ལོ་ ༡༩༤༩ ལོར་བོད་སར་བཙན་འཛུལ་བྱས་ནས་བཟུང་རྒྱ་ནག་གཞུང་གིས་བོད་ནང་གང་བྱུང་ཤིང་སྣ་གཅོད་བྲེགས་དང་། གཏེར་ཁ་བསྔོགས་འདོན། རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་གི་ནང་གློག་མཁོ་འདོན་བྱ་ཆེད་ཆུ་མཛོད་མང་པོ་བརྒྱག་པ། དེ་མིན་གྱི་འཛུགས་སྐྲུན་གཞན་སོགས་ཚད་ལས་བརྒལ་བ་བྱས་རྐྱེན་འབྲི་ཆུའི་རྒྱུད་དུ་ཆགས་པའི་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་ཁུལ་དུ་རི་ཉིལ་བའི་དོན་རྐྱེན་བྱུང་སྟེ་འབྲི་ཆུ་ཐེངས་གསུམ་ཙམ་འགག་པའི་གནས་སྟངས་བྱུང་ནས་མི་རྒྱུ་ཟོག་གསུམ་ལ་གོད་ཆགས་ཆེན་པོ་བྱུང་ཡོད། དེ་རིགས་མི་ཡོང་ཆེད་རྒྱ་ནག་གཞུང་གིས་བཟོ་ལས་འཛུགས་སྐྲུན་དང་གཏེར་ཁ་གང་བྱུང་བསྔོགས་འདོན་གྱི་ལས་གཞི་རྣམས་འཕྲལ་དུ་མཚམས་འཇོག་བྱེད་དགོས་པའི་འབོད་སྐུལ་ནན་པོ་བྱེད་རྒྱུ་ཡིན།

འདི་ལོ་ཕྱི་ཟླ་ ༡༡ ཚེས་ ༦ ཉིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་དུས་བཀག་བསྐྱར་ཞིབ་ཐེངས་གསུམ་པ་དེ་བྱས་ཡོད་པ་དང། ད་རེས་ཀྱི་བསྐྱར་ཞིབ་སྐབས་ཨཱོས་ཊྲོ་ལི་ཡཱ་དང་། ཁེ་ན་ཌ། ཨཱོས་ཊྲིཡཱ། འཇར་མཱེ་ནི། ནིའུ་ཛི་ལེནཌ། སུ་ཝི་ཌན། སུད་སི། ཨིན་ཡུལ། ཨ་རི། ཌེན་མཀ ཕ་རཱན་སི། ཉི་ཧོང་བཅས་རྒྱལ་ཁབ་བཅུ་གཉིས་ཀྱིས་བོད་ནང་ཆོས་དད་རང་དབང་དང་། འདུ་འཛོམས་རང་དབང་ལ་དམ་བསྒྲགས་བྱེད་བཞིན་པ་སོགས་འགྲོ་བ་མིའི་ཐོབ་ཐང་སྤྱིའི་གནས་སྟངས། དེ་བཞིན་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཆེད་འཐབ་རྩོད་གནང་མཁན་བཀྲ་ཤིས་དབང་ཕྱུག་ལགས་བཙོན་འཇུག་བྱས་པའི་གནད་དོན་སོགས་ཀྱི་ཐོག་ལ་སེམས་འཚབ་ཡོད་པའི་རྣམ་པ་ཤུགས་ཆེ་དང། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྟོག་ཞིབ་མི་སྣ་བོད་ནང་དམ་བསྒྲགས་མེད་པར་འགྲོ་འཇུག་དགོས་པའི་རེ་འདུན། ལྷག་པར་ནིའུ་ཛི་ལེནཌ་ཡིས་བོད་ཀྱི་གནད་དོན་ཐོག་འབྲེལ་མོལ་བསྐྱར་གསོ་དགོས་པའི་རེ་འདུན་ཡང་བཏོན་ཡོད། གོང་གསལ་རྒྱལ་ཁབ་རྣམས་དང་དེ་བཞིན་བོད་ཀྱི་བདེན་དོན་ལ་རྒྱབ་སྐྱོར་དང་ཐུགས་འཁུར་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ད་རིང་གི་དུས་དྲན་གྱི་གོ་སྐབས་འདི་བརྒྱུད་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས། དེ་བཞིན་རྒྱལ་སྤྱིའི་ནང་དྲང་བདེན་དང་རང་དབང་ལ་དགའ་བའི་གཞུང་མང་ཡོངས་ནས་ཀྱང་ཐུགས་འཁུར་ཆེ་ཙམ་བཞེས་དགོས་པའི་འབོད་སྐུལ་ཡང་ཞུ་རྒྱུ་ཡིན།

གཞན་ཡང་འདི་ལོའི་ཕྱི་ཟླ་ ༩ པའི་ནང་རྒྱ་ནག་གི་མི་སེར་ཨ་རིའི་ནང་འགྲོ་བསྐྱོད་ཆོག་པ་ལྟར་དེ་མཚུངས་ཨ་རིའི་མི་སེར་རྣམས་ཀྱང་བོད་ནང་འགྲོ་ཆོག་པ་དགོས་རྒྱུ། དེ་མིན་རྒྱ་ནག་གི་གཞུང་འབྲེལ་ལས་ཀྱི་སྣེ་མོ་བ་ཐེ་བའི་མི་སེར་ཨ་རིའི་ནང་ཡོང་རྒྱུར་བཀག་སྡོམ་བྱེད་རྒྱུའི་ཁྲིམས་འཆར་ཞིག་ཨ་རིའི་གྲོས་ཚོགས་འོག་མས་སྤྱི་མོས་ཀྱིས་གཏན་འབེབས་གནང་ཡོད་པ་དང། ཕྱི་ཟླ་ ༡༡ ཚེས་ ༢༨ ཉིན་ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་ཀྱང་ཁྲིམས་འཆར་དེར་སྤྱི་མོས་རྒྱབ་སྐྱོར་གནང་འདུག ཁྲིམས་འཆར་དེ་འདྲ་ཞིག་འདོན་དགོས་པ་དེ་ཡང་རྒྱ་ནག་གཞུང་གིས་བོད་དང་བོད་མིའི་ཐོག་མུ་མཐུད་དམ་བསྒྲགས་བྱེད་བཞིན་ཡོད་པར་ཐུགས་འཚབ་ཡོད་པའི་རྣམ་པ་ཤུགས་ཆེ་བསྟན་པ་ཞིག་ཡིན། རྒྱ་གཞུང་གིས་བོད་ནང་ཡར་རྒྱས་ཕྱིན་ཡོད་པ་དང་། བོད་མི་རྣམས་བདེ་སྐྱིད་ཀྱི་འཚོ་བར་རོལ་བཞིན་ཡོད་སྐོར་གྱི་དྲིལ་བསྒྲགས་དངོས་བདེན་ཡིན་ན་ཨ་རིའི་མི་སེར་ཐེ་བའི་ཕྱི་རྒྱལ་གྱི་ཡུལ་མི་རྣམས་ལ་བོད་ནང་རང་དབང་ངང་འགྲོ་བསྐྱོད་ཆོག་པའི་སྒོ་མོ་ཕྱེ་དགོས་པའི་གནོན་ཤུགས་ཤིག་ཀྱང་ཡིན། དེ་མིན་རྒྱ་ནག་གིས་བོད་སྐོར་དྲིལ་བསྒྲགས་བྱེད་བཞིན་པ་དེ་དག་སྟོང་བཤད་ཡིན་པ་གསལ་པོ་རེད།

བོད་གཞིས་བྱེས་གཉིས་སུ་གྱར་དགོས་བྱུང་ནས་མི་ལོ་ ༦༠ ཟིན་གྱི་ཡོད་པ་དང་། བོད་མི་བཙན་བྱོོལ་བ་རྣམས་རྒྱ་བལ་འབྲུག་གསུམ་གཙོ་གྱུར་ཕྱི་རྒྱལ་ཡུལ་གྲུ་མང་པོར་ཁ་ཐོར་ནས་གནས་རིང་། རྒྱ་གར་གཞུང་དང་མི་མང་གཉིས་གཙོ་གྱུར་བོད་མི་འདུས་སྡོད་བྱེད་སའི་རྒྱལ་ཁབ་ཁག་གི་གཞུང་མང་ཚོས་བོད་དང་བོད་མིར་རྒྱབ་སྐྱོར་དང་མཐུན་འགྱུར་གནང་བཞིན་པར་ཐུགས་རྗེ་ཆེ་ཞུའི་ལས་འགུལ་སྤེལ་དང་སྤེལ་མུས་ཡིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་ང་ཚོ་ནི་བཙན་བྱོལ་བ་འདྲ་འདྲའི་ནང་ནས་མི་འདྲ་བ་ཞིག་འབྱུང་ཐུབ་ཡོད་ནའང། འདས་པའི་མི་ལོ་ ༦༠ རིང་བཙན་བྱོལ་དུ་གནས་རིང་ལེགས་ཉེས་གནས་སྟངས་ཇི་བྱུང་ལ་བསྐྱར་ཞིབ་ཀྱིས་ལེགས་པའི་གནས་སྟངས་ཇི་བྱུང་ལ་དགའ་སྤོབས་དང་། འཐུས་ཤོས་རིགས་ཇི་བྱུང་ལ་ལེགས་བཅོས་ཡོ་བསྲང་བྱེད་རྒྱུ་གལ་ཆེན་པོ་ཡིན། ལྷག་པར་དུ་ང་ཚོ་རང་ཡུལ་བཞག་ནས་བཙན་བྱོལ་དུ་ཡོང་རྒྱུའི་དགོས་དམིགས་མ་བརྗེད་པའི་ཐོག སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་མི་རབས་རྒན་པ་ཚོས་སྐུ་ལས་ཇི་བསྐྱོན་རྣམས་དང་། ཁྱད་པར་༸གོང་ས་མཆོག་གི་དགུང་ནའི་བབ་དང་བོད་ནང་གི་ཛ་དྲག་ཆེ་བའི་གནས་སྟངས་ཐོག་དགོངས་པ་ཆེ་བཞེས་ཀྱིས་རང་འཁྲིའི་ལས་འགན་ལྷག་བསམ་རྣམ་དག་བསྒྲུབ་རྒྱུས་མཚོན། བོད་དོན་བདེན་མཐའ་གསལ་རྒྱུར་ཕྱ་གྲུ་མཉམ་འདེགས་ཞུ་དགོས་པ་དང། དེ་ལྟར་དོན་འབྲས་སོན་པར་སྤྱི་མཐུན་བསོད་ནམས་གསོག་རྒྱུར་ཡང་ཚང་མས་དམ་དོན་བྱེད་དགོས་པ་འབོད་སྐུལ་ཞུ་རྒྱུ་ཡིན།

ད་རེས་ཀྱི་གོ་སྐབས་འདི་བརྒྱུད་རྒྱ་གར་དབུས་སའི་གཞུང་མང་གཉིས་གཙོ་བཟུང་རྒྱལ་སྤྱི་ཁྱོན་ཡོངས་ནས་བོད་མི་རིགས་ཀྱི་ཆེས་གཉན་འཕྲང་ཆེ་བའི་དུས་སྐབས་འདིར་མཐུན་འགྱུར་རོགས་རམ་དང་། བོད་མིའི་བདེན་དོན་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་བསྐྱེད་གནང་བར་སྙིང་དབུས་ནས་བཀའ་དྲིན་རྗེས་དྲན་ཞུ་བ་དང་ཆབས་ཅིག་ཐུགས་རྗེ་བླ་མེད་དུ་ཆེ་ཞུ་རྒྱུ་ཡིན།

མཐའ་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཅིང༌། ཐུགས་བཞེད་མཐའ་དག་ལྷུན་གྱིས་འགྲུབ་པ་དང༌། འཛམ་གླིང་སྐྱེ་འགྲོ་ཡོངས་ལ་ཞི་བདེ་འབྱུང་བ། གཞིས་བྱེས་བོད་མི་མཉམ་འཛོམས་ཀྱི་སྐལ་བཟང་གི་ཉི་མ་མྱུར་དུ་འཆར་བའི་སྨོན་འདུན་ཞུ་རྒྱུ་བཅས། བཀའ་ཤག་གིས་ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༡༠ ལ།། །།

Share with your friends










Submit