ཟླ་བ་ ༡༢ ཚེས ༡༠ ༢༠༡༨

ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༡༠ རེས་གཟའ་པ་སངས།

༄༅། །དེ་རིང་ལྷར་བཅས་སྲིད་ཞིའི་གཙུག་རྒྱན། ཁམས་གསུམ་ཆོས་ཀྱི་རྒྱལ་པོ། འཇིག་རྟེན་ཞི་བདེའི་དེད་དཔོན། ས་སྟེང་ྋརྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག བོད་ཁ་བ་གངས་ཅན་པའི་ལྷ་སྐལ། འཕགས་མཆོག་འཇིག་རྟེན་དབང་ཕྱུག་མིའི་རྣམ་པར་རོལ་པ། བོད་མི་ཡོངས་ཀྱི་མགོན་སྐྱབས་དང་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཐམས་ཅད་མཁྱེན་པ་ྋརྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་འཛམ་གླིང་ནང་ཆེས་སྙན་གྲགས་ཅན་གྱི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་པ་དགྱེས་བཞེས་མཛད་དེ་མི་ལོ་ཧྲིལ་པོ་ ༢༩ འཁོར་བའི་དུས་ཚིགས་ཁྱད་པར་ཅན་ཞིག་ཡིན་པས་ཕྲན་གྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་བཀའ་དྲིན་རྗེས་དྲན་དང་བཅས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

ནོ་སྦེལ་ཞི་བདེའི་གཟེངས་རྟགས་འདི་བཞིན་སྭི་ཌེན་(Sweden) གྱི་མི་རིགས་རྫས་སྦྱོར་མཁས་པ་དང་། ཚོང་པ། གསར་གཏོད་པ། གཞན་ཕན་བསམ་བློ་ཅན་སྐུ་ཞབས་ཨེལ་ཕི་རེཌ་སྦི་ནོ་སྦེལ་ (Alfred B. Nobel 1833-1896) དམ་པ་དེ་ཉིད་ཀྱིས་སྐུ་ཚེ་ཧྲིལ་པོར་སྐུ་ལས་བསྐྱོན་པའི་འབྲས་བུར་ཁོང་གི་མཚན་ཐོག་རྒྱུ་ནོར་ཡོད་པ་ནས་མ་དངུལ་ཕོན་ཆེ་ཞིག་ཟུར་བཅད་ཀྱིས་འཛམ་གླིང་ནང་མི་རིགས་དབྱེ་འབྱེད་མེད་པར་རྩོམ་རིག་དང་། ཞི་བདེ། དངོས་ཁམས་རིག་པ། རྫས་སྦྱོར་རིག་པ། ལུས་ཁམས་རིག་པ་ཡང་ན་སྨན་རིག དཔལ་འབྱོར་ཚན་རིག་བཅས་ཀྱི་ཐོག་གྲུབ་འབྲས་གཟེངས་ཐོན་རྣམས་ལ་ལོ་རེར་ཆེ་བསྟོད་གཟེངས་རྟགས་རེ་འབུལ་རྒྱུ་ཁོང་གི་ཞལ་ཆེམས་སུ་གསལ་བ་བཞིན་གསར་གཏོད་གནང་བའི་ཁོངས་ནས་གཅིག་ཡིན་ཞིང་། གཟེངས་རྟགས་དེ་རྣམས་ལོ་བསྟར་ཆགས་སུ་ཕྱི་ཟླ་ ༡༢ ཚེས་ ༡༠ སྟེ་དམ་པ་ཁོང་གི་ལོ་འཁོར་དུས་དྲན་ཉིན་མོར་འབུལ་སྲོལ་ཡོད་པ་ཞིག་དང་། ནོ་སྦེལ་ཞི་བདེའི་གཟེངས་རྟགས་ནི་རྒྱལ་ཁབ་ཕན་ཚུན་དབར་མཛའ་བརྩེ་སྐྲུན་མཁན་དང་། འཛམ་གླིང་ནང་ཞི་བདེ་སྐྲུན་རྒྱུ་དང་གོང་སྤེལ་གཏོང་ཐབས་སུ་དམག་མི་དང་གོ་མཚོན་རྩ་མེད་དམ་ཉུང་འཕྲི་གཏོང་བར་འབད་རྩོལ་གནང་མཁན་རྣམས་ལ་འབུལ་རྒྱུའི་གཟེངས་རྟགས་ཆེས་སྙན་གྲགས་ཅན་དེ་ཆགས་ཡོད། ཞི་བདེའི་གཟེངས་རྟགས་ཐོག་མ་དེ་ཕྱི་ལོ་ ༡༩༠༡ ལོ་ནས་འགོ་འཛུགས་ཀྱིས་ ༢༠༡༨ བར་ཐེངས་ ༩༩ གནང་ཟིན་པ་དང་། གཟེངས་རྟགས་བཞེས་མཁན་ད་བར་ཚོགས་སྡེ་ཁག་ ༢༧ དང་མི་སྒེར་ ༡༠༦ བཅས་བྱུང་འདུག

ཕྱི་ལོ་ ༡༩༨༩ ལོར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ཡོད་པ་དང་། སྐབས་དེའི་གཟེངས་རྟགས་ཚོགས་ཆུང་གིས། “༸གོང་ས་མཆོག་ནས་བོད་ཀྱི་དཀའ་རྙོག་སེལ་ཐབས་ཀྱི་འབད་བརྩོན་གནང་སྐབས་དྲག་སྤྱོད་དམ་འཚེ་བ་ཅན་གྱི་བྱ་བར་མཐའ་གཅིག་ཏུ་འགོག་རྒོལ་གནང་གི་ཡོད་པ་དང་། ༸གོང་ས་མཆོག་གིས་བཟོད་པ་དང་གུས་བརྩི་བཅས་གཞིར་བཞག་ཐོག་ནས་བོད་མི་རིགས་ཀྱི་རྒྱལ་རབས་ལོ་རྒྱུས་དང་རིག་གཞུང་བཟང་པོ་དག་མི་ཉམས་གཅེས་སྲུང་སླད་བོད་ཀྱི་དཀའ་རྙོག་སེལ་ཐབས་འཚེ་མེད་ཞི་བའི་ཐབས་ལམ་གྱི་སྒོ་ནས་འབད་བརྩོན་མཛད་གནང་གི་ཡོད་པ་མ་ཟད། ༸གོང་ས་མཆོག་གིས་འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་ལ་གུས་བརྩི་ཧ་ཅང་ཆེན་པོ་དང་འགྲོ་བ་མིའི་རིགས་དང་ཁོར་ཡུག་བཅས་སྤྱི་ཡོངས་ལ་འགན་ཁུར་བཞེས་གནང་གིས་འཚེ་མེད་ཞི་བའི་ལྟ་གྲུབ་ཉམས་ལེན་མཛད་བཞིན་ཡོད་པ།” བཅས་ནན་ཏན་གྱིས་བརྗོད་གནང་ཡོད།

དེ་བཞིན་༸གོང་ས་མཆོག་གིས་གཟེངས་རྟགས་དགྱེས་བཞེས་མཛད་སྐབས། “གཟེངས་བསྟོད་འདིས་ངོས་ནས་སངས་རྒྱས་བཅོམ་ལྡན་འདས་དང་། འཕགས་བོད་སྐྱེས་ཆེན་དམ་པ་རྣམས་ཀྱི་བསླབ་བྱ་གཞན་ཕན་དང་། བྱམས་པ། སྙིང་རྗེ། འཚེ་བ་མེད་པ་བཅས་ཀྱི་སྙིང་པོར་ཉམས་ལེན་ཅི་ཐུབ་བྱེད་བཞིན་པ་འདི་ངོས་འཛིན་གནང་བ་ཞིག་ཡིན་པར་ཡིད་ཆེས་ཡོད། ངོས་ནས་འཛམ་གླིང་གི་ས་ཕྱོགས་གང་སར་མནར་གཅོད་འོག་ཚུད་པའི་སྐྱེ་བོ་སྤྱི་དང་། འཛམ་གླིང་ཞི་བདེ་དང་། རང་དབང་གི་དོན་དུ་འབད་བརྩོན་བྱེད་བཞིན་པའི་སྐྱེ་བོ་ཡོངས་ཀྱི་ཚབ་ཞུས་ཏེ་བཀའ་དྲིན་ཚད་མེད་དྲན་པའི་སྒོ་ནས་གཟེངས་བསྟོད་འདི་བཞིན་དང་ལེན་ཞུ་གི་ཡོད། འཚེ་མེད་ཞི་བའི་ལག་ལེན་བརྒྱུད་འགྱུར་བ་གཏོང་རྒྱུའི་ལམ་སྲོལ་དེང་དུས་ཡོད་པ་འདི་ཉིད་གསར་གཏོད་གནང་མཁན་བདག་ཉིད་ཆེན་པོ་གྷན་རྡི་ལ་གུས་བཏུད་ཆེད་གཟེངས་བསྟོད་འདི་དང་ལེན་ཞུ་རྒྱུ་ཡིན། ལྷག་པར་དུ་དཀའ་སྡུག་ཚད་མེད་མྱངས་དང་མྱོང་བཞིན་པའི་སྙིང་སྟོབས་ཅན་གྱི་ངོས་ཀྱི་ཡུལ་མི་བོད་མི་ཕོ་མོ་ས་ཡ་དྲུག་པོའི་ཚབ་ཞུས་ཏེ་གཟེངས་བསྟོད་ཞུ་གི་ཡོད་པ་ནི་སྨོས་ཅི་དགོས། དེ་བཞིན་གཟེངས་བསྟོད་འདིས་བདེན་པ་དང་། སྙིང་སྟོབས། སེམས་ཤུགས་བཅས་ལག་ཆར་བཟུང་སྟེ་བོད་ཡུལ་བཅིངས་བཀྲོལ་གཏོང་ཐུབ་རྒྱུའི་ང་ཚོའི་ཡིད་ཆེས་ཡང་སྐྱར་སྲ་བརྟན་དུ་ཕྱིན་ཡོད།” ཅེས་བཀའ་སློབ་བསྩལ་གནང་ཡོད།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གཞན་ཕན་གྱི་མཛད་པ་འཕྲིན་ལས་སྤྱི་དང་། ཡང་སྒོས་འཛམ་གླིང་ཀུན་ལ་དགེ་ཕན་ཅན་གྱི་བོད་མི་རིགས་རིག་གཞུང་དང་བཅས་པ་མི་ཉམས་གོང་འཕེལ་དང་། ཉམས་པ་སླར་གསོའི་ཆེད་དུ། ནང་པའི་ཆོས་ཀྱི་བསླབ་བྱ་དང་བདག་ཉིད་ཆེན་པོ་གྷན་རྡིའི་བཞེད་དགོངས་ཟབ་མོ་གཞིར་བཟུང། འཚེ་མེད་ཞི་བའི་ཐབས་ཚུལ་ཁོ་ནར་བརྟེན་ཏེ་བོད་དོན་བདེན་མཐའ་གསལ་ཐབས་མཛད་པ་དང་། དེ་བཞིན་འཛམ་གླིང་འདིར་ཕན་ཚུན་བསམ་ཤེས་དང་། མཐུན་སྒྲིལ། དྲང་བདེན། བྱམས་བརྩེ་ཡོད་པ་བཅས་ཀྱི་སྒོ་ནས་ཕན་ནུས་ལྡན་ཞིང་ཕུགས་རྒྱང་རིང་བའི་དགོངས་པར་བརྟེན་རྒྱལ་སྤྱིའི་ནང་འཁྲུག་རྩོད་ཁག་ཞི་ཐབས་དང་། འགྲོ་བ་མིའི་ཐོབ་ཐང་གི་འགན་ཁུར། རང་བྱུང་ཁོར་ཡུག་སྲུང་སྐྱོབ་བཅས་ལ་སྨན་པའི་ཞི་བདེ་དོན་དང་ལྡན་པ་ཞིག་འབྱུང་ཐབས་རྨད་བྱུང་གི་མཛད་བཟང་བསྐྱངས་དང་སྐྱོང་མུས་ལ་འཛམ་གླིང་སྐྱེ་རྒུ་རྣམས་ཀྱི་ཡིད་དབང་འཕྲོག་སྟེ། སྙན་གྲགས་ཅན་གྱི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་གནང་བ་ཞིག་ཡིན།

དེ་རིང་འཛམ་གླིང་ནང་མང་གཙོ་དང་། རང་དབང་། ཞི་བདེ་བཅས་ལ་དགའ་བའི་སྐྱེས་བོ་ཡོངས་ནས་དགའ་སྐྱིད་འོས་པའི་ཉིན་མོ་གལ་ཆེ་ཞིག་ཡིན་པར་སོང་ལོ་ངོ་ ༢༩ གོང་ལ་བྱུང་བའི་གོང་གསལ་ལོ་རྒྱུས་ལྡན་པའི་བྱུང་རབས་དེ་ཉིད་དེ་རིང་བསྐྱར་དུ་དྲན་སྐུལ་ཙམ་ཞུས་པ་ཡིན།

འདི་ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཨི་རག་ (Iraq) གི་བུད་མེད་ལས་འགུལ་བ་ལྕམ་ན་ཌི་ཡ་མཱུ་ར་ཌི་ (Nadia Murad) ལགས་དང་ཀོང་གྷོ་ (Congo) རྒྱལ་ཁབ་ཀྱི་སྨན་པ་ཌེ་ནཱི་སི་མཱུ་ཀི་ཇཱི་ (Denis Mukwege) ལགས་གཉིས་ལ་འབུལ་གཏན་འཁེལ་བ་རེད། ༸གོང་ས་མཆོག་ནས་ཐུགས་ཁུར་ཆེ་བཞེས་ཀྱིས་འཚམས་འདྲིའི་གསུང་འཕྲིན་ཞིག་བསྩལ་བའི་ནང། གཟེངས་རྟགས་དེ་ནི་འགྲོ་བ་མིའི་རིགས་ཀྱི་བཟོད་ཐབས་བྲལ་བའི་ན་ཟུག་དང་འཇིགས་སྣང་ཅན་གྱི་སེམས་གཅོང་ལ་རོགས་སྐྱོར་དང་གདོང་ལེན་བྱེད་པར་སྤོབས་པ་དང་། རེ་བ། བློ་རྩ་བརྟན་པོ་བཅས་ཡིན་པར་ངོས་འཛིན་ཐོབ་པ་ཞིག་ཡིན་པ་དང་། ཁོང་རྣམ་གཉིས་ཀྱིས་སྙིང་རྗེ་ཡིས་ཀུན་ནས་བསླངས་པའི་བྱ་སྤྱོད་ལ་བསྔགས་བརྗོད་ཡོད་པ་དང་། དཀའ་སྡུག་ཅན་གྱི་མིའི་བདེ་སྐྱིད་སླར་གསོ་གནང་བའི་ཕྱག་ལས་ཁྲོད་སྙིང་རྗེ་ཡི་ཕན་ཤུགས་མིག་སྟོན་གསལ་བཤད་གནང་དགོས་པ་རེད་ཅེས་དང་། འཛམ་གླིང་གི་རོགས་རམ་དགོས་ངེས་ཅན་གྱི་མི་ལ་བདེ་བ་དང་སྲུང་སྐྱོབ་གནང་མཁན་ཁོང་རྣམ་གཉིས་ལྟ་བུའི་འཛམ་གླིང་ཡོངས་ཀྱི་སྤུན་མཆེད་ཕོ་མོ་རྣམས་ལ་བསྔགས་བརྗོད་ཞུ་ཡི་ཡོད། འགྲོ་བ་མིའི་བདེ་དོན་གོང་སྤེལ་ཐད་ཁོང་རྣམ་པ་གཉིས་དང་ལྷན་ནུས་པ་མཉམ་སྤུངས་ཐུབ་པའི་རེ་བ་གནང་གི་ཡོད་ཅེས་གསུངས་གནང་ཡོད།

༸གོང་ས་མཆོག་གིས་ནོ་སྦེལ་ཞི་བདེའི་གཟེངས་བསྟོད་མ་དངུལ་ལས་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་ཀུན་ཕན་བདེ་རྩ་ (Foundation for Universal Responsibility of His Holiness the Dalai Lama) ཞེས་པ་ཕྱི་ལོ་ ༡༩༩༠ ལོའི་ཕྱི་ཟླ་ ༡༡ ནང་གསར་འཛུགས་མཛད་གནང་ཡོད་པ་དང་། བདེ་རྩ་འདིའི་བརྒྱུད་འཛམ་གླིང་ནང་འགྲོ་བ་མིའི་རིན་ཐང་གོང་སྤེལ། སྐྱེ་འགྲོ་ཀུན་འཚེ་མེད་ཞི་བའི་ངང་མཉམ་གནས་ཐུབ་ཐབས། ཆོས་ལུགས་འདྲ་མིན་ཕན་ཚུན་དབར་གོ་རྟོགས་དང་མཛའ་མཐུན། བུད་མེད་དང་ཕོ་མོ་དབྱེར་མེད་ཀྱི་ཐོབ་ཐང་། ཁོར་ཡུག་སྲུང་སྐྱོབ། ཚན་རིག་དང་ནང་ཆོས་དབར་བགྲོ་གླེང་དང་གྲོས་བསྡུར། བོད་ཀྱི་ཆོས་དང་རིག་གཞུང་ལྷག་པར་དུ་དཔལ་ན་ལེནྜའི་རིག་གཞུང་དར་སྤེལ་སོགས་ཀྱི་ཐོག་ད་བར་ལས་འཆར་གང་མང་སྤེལ་གནང་མཛད་དང་མཛད་མུས་ཡིན།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ནང་འཚེ་མེད་ཞི་བ་དང་འཁོན་འཛིན་སྤངས་པའི་སྤྱི་ཚོགས་ཤིག་འབྱུང་ཐབས་སུ་འགྲོ་བ་མི་ལ་གཅིག་མཚུངས་ཀྱི་བདེ་སྐྱིད་བསྐྲུན་ཐབས་དང་། ཆོས་ལུགས་ནང་ཁུལ་མཐུན་འབྲེལ། བོད་ཀྱི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ། རྒྱ་གར་གྱི་མནའ་བོའི་རིན་ཐང་ཅན་གྱི་སྲོལ་རྒྱུན་བཟང་པོ་སླར་གསོ་ཞུ་རྒྱུ་བཅས་རླབས་ཆེན་གྱི་ཐུགས་བསྐྱེད་དམ་བཅའ་བཞི་གཙོ་བོར་དགོངས་བཞེས་ཀྱིས་བར་ལམ་རྒྱ་གར་ལྷོ་ཕྱོགས་དང་། ལྡི་ལི། ལ་དྭགས་བཅས་དང་། ཡུ་རོབ་ཁུལ་གྱི་རྒྱལ་ཁབ་སུ་ཝེ་ཌན་ (Sweden) དང་། ནེ་ཌར་ལེན་ཌི་ (Netherland) ཇར་མཱ་ནི་ (Germany) སུད་སི་ (Swiss) བཅས་དང་། ཉེ་ཆར་ཕྱི་ཟླ་ ༡༡ ནང་ཉི་ཧོང་གི་རྒྱལ་ས་ཊོ་ཀེ་ཡོ་ (Tokyo) དང་། གྲོང་ཁྱེར་ཡོ་ཀོ་ཧ་མ་ (Yokohama) དང་ཕུ་ཀུ་ཨོ་ཀ་ (Fukuoka) ཀ་ཞི་ཝ་ (Kashiwa) བཅས་གོང་གསལ་རྒྱལ་ཁབ་སོ་སོའི་ས་གནས་སུ་ཆིབས་བསྒྱུར་བསྐྱངས་གནང་གིས་མཛད་འཕྲིན་ཟབ་རྒྱས་བསྐྱངས་གནང་མཛད་ཡོད། མགོན་པོ་གང་གི་རླབས་ཆེན་གྱི་མཛད་པ་འཕྲིན་ལས་ལ་བརྟེན་ནས་དེང་གི་ཆར་འཛམ་གླིང་ནང་ཆོས་ལུགས་ཕན་ཚུན་གཅིག་གི་གཅིག་ལ་གུས་བརྩི་དང་མཐུན་ལམ་ཟབ་མོ་ཡོད་ཅིང་། ད་བར་རྒྱལ་སྤྱིའི་ནང་པའི་ཞི་བདེ་ལྷན་ཚོགས་ཐེངས་ ༤ འཚོགས་ཐུབ་ཡོད་པ་དང་། སེམས་དང་སྲོག་གི་བསྟི་གནས་ཁང་ཞིག་བཙུགས་གནང་ཡོད་པ་ནས་ད་བར་སེམས་དང་སྲོག་གི་སྐོར་ཚོགས་འདུ་ཐེངས་ ༣༣ འཚོགས་ཐུབ་པ་བྱུང་ཡོད། ལྷག་པར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་མངའ་གཞུང་གི་སློབ་གྲྭ་ཁག་གི་ནང་བདེ་སྐྱིད་སྐྲུན་ཐབས་ (Happiness Curriculum) ཞེས་པའི་སློབ་ཚན་གསར་འཇུག་དབུ་འབྱེད་གནང་བ། དེ་བཞིན་རྡ་ས་བཞུགས་སྒར་དུ་བོད་མི་དང་། ཕྱི་རྒྱལ་མི་རིགས་འདྲ་མིན་གྱི་སློབ་ཕྲུག གནད་ཡོད་མི་སྣ། གཞོན་སྐྱེས། མི་མང་དཀྱུས་མ་བཅས་མཇལ་བཅར་བ་ཡོངས་ལ་མཇལ་ཁ་དང་དུས་ཀྱི་དགོས་མཁོར་དམིགས་པའི་འཛམ་གླིང་ནང་བདེ་སྐྱིད་སྐྲུན་ཐབས་དང་། ཆོས་ལུགས་ཕན་ཚུན་མཐུན་ལམ། ཤེས་ཡོན་སྤྱི་དང་བོད་ཀྱི་སྐད་ཡིག་སྐོར་དང་། ནང་ཆོས་ཀྱི་ཁྱད་ཆོས། ཁོར་ཡུག་སྲུང་སྐྱོབ། མི་སྒེར་སོ་སོའི་སེམས་ཀྱི་འཕྲོད་བསྟེན་ཡར་རྒྱས་ཡོང་ཐབས་བཅས་ཀྱི་སྐོར་མུན་པ་སེལ་བའི་བླང་དོར་གྱི་བཀའ་སློབ་ཟབ་མོ་མང་དག་ཅིག་བསྩལ་གནང་མཛད་ཡོད།

སྔ་ལོར་ཕྱི་ཟླ་ ༡༢ ནང་ཡེ་ཤུ་དང་། ཁ་ཆེ། ཧིན་དྷུ། སིག་དང་ཇེན། མཇེའུ་སོགས་ཀྱི་བླ་ཆེན་དབུ་བཞུགས་གནང་བའི་ཆོས་ལུགས་མཐུན་འབྲེལ་གྱི་ལྷན་ཚོགས་ཤིག་གི་ཐོག་ཁ་ཆེའི་ཤི་ཡ་བྷོ་ར་ཆོས་ལུགས་ཀྱི་དབུ་འཁྲིད་ Syedna Taher Fakur Fakhruddin Saheb མཆོག་ནས་༸གོང་ས་མཆོག་གིས་འཛམ་གླིང་ནང་ཞི་བདེ་གོང་སྤེལ་དང་། ཆོས་ལུགས་དང་མི་རིགས་སོགས་ཀྱི་དབྱེ་འབྱེད་མེད་པར་འགྲོ་བ་མིའི་རིགས་ཀྱིས་གཅིག་མཚུངས་ཀྱི་འདུ་ཤེས་འོག་མཐུན་འབྲེལ་མཉམ་གནས་ཆེད་རླབས་ཆེན་གྱི་མཛད་འཕྲིན་ལ་ཆེ་བསྟོད་ཀྱི་གཟེངས་རྟགས་འབུལ་བཞེས་མཛད་ཡོད། ཉེ་ཆར་ཕྱི་ཟླ་ ༡༡ ནང་༸གོང་ས་མཆོག་ཉི་ཧོང་གི་གྲོང་ཁྱེར་ཀ་ཞི་ཝའི་ Kashiwa ནང་རྟེན་གཞི་བྱས་པའི་རེ་ཏ་ཀུ་ Reitaku University མཐོ་སློབ་ཁང་ཆེན་མོའི་ངེས་སྟོན་པ་མོ་ཊོ་ཊ་ཀ་ Mototaka Hiroike ལགས་ཀྱིས་མཐོ་སློབ་ཁང་གི་རྩོམ་རིག་མཁས་དབང་གི་ཆེ་བསྟོད་ཕྱག་འཁྱེར་ Honorary Doctorate of Literature ཕུལ་ཡོད། དེ་དང་ཕྱོགས་མཚུངས་༸གོང་ས་མཆོག་ལ་འཛམ་གླིང་ཡུལ་གྲུ་མང་པོའི་གཞུང་སྒེར་སྒྲིག་འཛུགས་འདྲ་མིན་ཁག་ནས་ད་བར་གུས་བཀུར་ཆེ་བསྟོད་ཀྱི་གཟེངས་རྟགས་གྲངས་བརྒྱ་ཕྲག་ལྷག་འབུལ་བཞེས་མཛད་གནང་ཡོད། ༸གོང་ས་མཆོག་གིས་འགྲོ་བ་མིའི་ཐོབ་ཐང་དང་རང་དབང། བདེ་དོན་སོགས་ལ་ཐུགས་ཁུར་མཛད་ཡོད་པར་རྒྱབ་སྐྱོར་གྱི་རྣམ་པ་མཚོན་གྱི་ཡོད་པས་ང་ཚོ་གངས་ཅན་པ་ཡོངས་སྤོབས་པ་སྐྱེ་དགོས་པ་ཞིག་དང་། མགོན་པོ་གང་ཉིད་ཀྱི་ཐུགས་ཀྱི་བཞེད་དགོངས་མཐའ་དག་འབད་མེད་ལྷུན་གྱིས་འགྲུབ་ཕྱིར་ཁོང་གིས་དྲང་བདེན་དང་། འཚེ་བ་མེད་པ། ཞི་བདེ་སྐྲུན་ཐབས། ཡ་རབས་སྤྱོད་བཟང་། གྲོས་མོལ་ལམ་ནས་དཀའ་རྙོག་སེལ་ཐབས། སེམས་ཅན་ཀུན་ལ་ཕན་འདོགས་རྒྱུ། སེམས་ཀྱི་འཕྲོད་བསྟེན་སྤྱོད་རྒྱུ་སོགས་ཀྱི་སྐོར་བཀའ་སློབ་གསུང་གི་བདུད་རྩི་མུ་ཏིག་ཕྲེང་བ་བཞིན་བསྩལ་གནང་ཡོད་པ་དེ་དག་ཐམས་ཅད་ཉམས་ལེན་བྱ་རྒྱུ་ཤིན་ཏུ་གལ་འགངས་ཆེ་བས་ཚང་མས་དེ་བཞིན་ཉམས་བཞེས་གནང་རོགས་ཞེས་འབོད་སྐུལ་ཤུགས་དྲག་ཞུ་རྒྱུ་ཡིན།

འཛམ་གླིང་ཡུལ་གྲུ་གང་སར་ལོ་རེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཚན་སྙན་མཛད་འཕྲིན་རྒྱས་པ་ལ་བརྟེན་ནས་བོད་ཀྱི་བདེན་པའི་གནད་དོན་ལ་ཤ་ཚ་རྒྱབ་སྐྱོར་བྱེད་མཁན་ཡང་ཇེ་མང་དུ་འགྲོ་བཞིན་པ་ཡིན། འདི་ལོའི་ཕྱི་ཟླ་ ༡༡ མགོ་སྟོད་དུ་སུད་སི་གྲོང་ཁྱེར་ཇི་ནེ་ཝར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་དུས་བཀག་བསྐྱར་ཞིབ་ཐེངས་ ༣༡ པའི་སྐབས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་དུས་བཀག་བསྐྱར་ཞིབ་ཐེངས་གསུམ་པ་དེ་གནང་ཡོད། སྐབས་དེར་ཨོ་སི་ཊི་ལི་ཡ་དང་། ཁེ་ན་ཌ། ཨོ་སི་ཊི་རི་ཡ། ཇར་མ་ནི། ནིའུ་ཛི་ལེན་ཌི། སུ་ཝེ་ཌེན། སུད་སི། ཨིན་ཡུལ། ཨ་རི། ཌེན་མག ཧྤ་རན་སི། ཉི་ཧོང་བཅས་རྒྱལ་ཁབ་བཅུ་གཉིས་ཀྱིས་བོད་ཀྱི་འགྲོ་བ་མིའི་ཐོང་ཐང་གི་གནས་སྟངས་སྤྱི་དང་། བོད་ཀྱི་ཁོར་ཡུག་སྐོར། ལྷག་པར་ཆོས་དད་རང་དབང་དང་། འདུ་འཛོམས་རང་དབང་ལ་དམ་བསྒྲགས་བྱེད་བཞིན་པའི་སེམས་འཚབ་ཀྱི་རྣམ་པ་ཤུགས་ཆེ་བཏོན་པ་མ་ཟད། བོད་ཀྱི་སྐད་ཡིག་སྲུང་སྐྱོབ་གནང་མཁན་བཀྲ་ཤིས་དབང་ཕྱུག་ལགས་བཙོན་འཇུག་བྱས་པའི་གནད་དོན་དང་། བོད་བརྒྱུད་ནང་བསྟན་གྱི་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་ལ་དམ་བསྒྲགས་ཚོད་འཛིན་ཧ་ཅང་བྱེད་བཞིན་པར་བརྟེན། འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་རྟོག་ཞིབ་མི་སྣ་བོད་ནང་དམ་བསྒྲགས་རྩ་བ་ནས་མེད་པར་འགྲོ་འཇུག་དགོས་པའི་རེ་འདུན་བཏོན་གནང་ཡོད། ལྷག་པར་བོད་ཀྱི་བདེན་མཐའ་གསལ་ཆེད་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཟུང་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་དགོས་པའི་རེ་འདུན་ཡང་བཏོན་གནང་ཡོད།

ཉེ་ཆར་༸གོང་ས་མཆོག་ཉི་ཧོང་དུ་ཆིབས་བསྒྱུར་སྐབས་ཉི་ཧོང་རྒྱལ་ཡོངས་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཡོངས་ནས་༸གོང་ས་མཆོག་གི་མཛད་འཕྲིན་དག་ལ་ཡིད་སྨོན་དང་། གུས་བརྩི། བསྔགས་བརྗོད་གནང་བ་མ་ཟད། བོད་ཀྱི་རྩ་དོན་འཐབ་རྩོད་ཐོག་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེ་བཏོན་གནང་ཡོད། དེ་བཞིན་རྒྱལ་སྤྱིའི་ནང་གི་གཞུང་དང་། གྲོས་ཚོགས། སྤྱི་སྒེར་སྒྲིག་འཛུགས་ཁག་མང་པོས་བོད་དོན་ཐོག་རྒྱབ་སྐྱོར་གྱི་རྣམ་པ་སྔར་ལས་ཤུགས་ཆེ་རུ་འགྲོ་བཞིན་པ་ནི་དུས་ལ་རན་པའི་མིའི་བློ་སྟོབས་མང་གཙོའི་རང་དབང་དང་། དྲང་བདེན། འཚེ་མེད་ཞི་བ་བཅས་ཀྱི་ལམ་དུ་ཕྱོགས་ཀྱི་ཡོད་པ་ཡོངས་གྲགས་ཡིན་ནའང། རྒྱ་ནག་གཞུང་གིས་འཁྲེག་འཛིན་གྱི་སྲིད་བྱུས་དུས་ད་ལྟའང་ལག་བསྟར་བྱེད་བཞིན་པར་བརྟེན། ཉེ་ཆར་ཕྱི་ཟླ་ ༡༡ ཚེས་ ༦ ཉིན་སུད་སི་གྲོང་ཁྱེར་ཇི་ནེ་ཝར་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་མདུན་བོད་པ་དང་། ཡུ་གུར་བ། ནང་སོག དེ་བཞིན་ཐེ་ཝན་དང་། ཧོང་ཀོང་བཅས་འདུ་འཛོམས་ཀྱིས་རྒྱ་ནག་གཞུང་ལ་གཞི་རྒྱ་ཆེ་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་རེད། བོད་ནང་ལ་ཆ་བཞག་ན་རྡོ་པོ་ལགས་ཀྱིས་གཙོས་ད་བར་ཁྱོན་བོད་རིགས་གྲངས་ ༡༥༣ ནས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ཞི་རྒོལ་གནང་ཡོད། དེའི་ཁོངས་ནས་ ༡༣༡ འདས་གྲོངས་སུ་ཕྱིན་ཡོད།

རྒྱ་ནག་དམར་གཞུང་གིས་བོད་རྒྱལ་ཁབ་ཀྱི་སྣོད་བཅུད་ཡོངས་སུ་རྫོགས་པ་རྩ་མེད་གཏོང་རྒྱུའི་དམིགས་ཡུལ་འཛིན་བཞིན་ཡོད་པ་ལྟར། འདི་ལོའི་ཕྱི་ཟླ་ ༡༠ པ་དང་ ༡༡ སོ་སོའི་ནང་བོད་ནང་གི་ཡར་ཀླུང་གཙང་པོ་དང་འབྲི་ཆུ་སོ་སོའི་ནང་རི་རུད་ཀྱི་རྐྱེན་པས་ཆུ་སྣ་འགགས་པ་དང་། མཚོ་གླིང་གསར་ཆགས་ཀྱིས་ཉེ་འདབས་ཀྱི་གྲོང་ཚོ་མང་པོར་ཆུ་རུད་ཕོགས་ཏེ་ལོ་རྒྱུས་ལྡན་པའི་དགོན་པ་དང་། ཡུལ་ཁྱིམ། སློབ་གྲྭ གྲྭ་ཤག་སོགས་ཆུས་བསྣུབས་པ་དང་། འགྲོ་ལམ་འགག་པ། ཡུལ་མི་སྟོང་ཕྲག་མང་པོ་ས་གནས་གཞན་དུ་གནས་སྤོ་བྱ་དགོས་པ་སོགས་ཀྱི་ཛ་དྲག་དཀའ་ངལ་ཅི་ཆེ་ཕྲད་དང་འཕྲད་བཞིན་པ་ནི་རྒྱ་ནག་དམར་གཞུང་གིས་བོད་ནང་གི་ཁོར་ཡུག་ལ་སྣང་མེད་ཐོག་རྒྱུ་རྔམ་ཧམ་སེམས་ཆེན་པོས་གཏེར་ཁ་སྔོགས་འདོན་དང་། ཆུ་རགས་གསར་རྒྱག་སོགས་ཀྱི་ཉེར་ལེན་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པས། རྒྱ་ནག་གཞུང་གིས་ནོར་འཁྲུལ་དེ་དག་ཁས་ལེན་པའི་ཐོག་ནས་བོད་རིགས་སྤུན་ཟླ་དེ་དག་གི་དཀའ་ངལ་གཙང་སེལ་བྱ་རྒྱུའི་འགན་ཁུར་ཡོད་པ་བཞིན་ངེས་པར་དུ་གླེང་སློང་ཐོག་དཀའ་སེལ་རོགས་སྐྱོར་འཕྲལ་མར་བྱེད་དགོས་པའི་སྐུལ་མ་བྱ་རྒྱུ་མ་ཟད། སྐད་ཡིག་སྲུང་སྐྱོབ་ལས་འགུལ་བ་བཀྲིས་དབང་ཕྱུག་ལགས་ཀྱིས་གཙོས་བོད་ཀྱི་ཆབ་སྲིད་བཙོན་པ་དག་གློད་བཀྲོལ་དགོས་པ་དང་། ད་ལྟའི་རྒྱ་དམར་གཞུང་གི་འཁྲེག་འཛིན་གྱི་སྲིད་བྱུས་ངན་པ་དེ་དག་དོར་ཏེ་གཉིས་སྨན་དབུ་མའི་ལམ་གྱི་ཐོག་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་དགོས་པའི་བསྐྱར་ནན་ཞུ་བཞིན་ཡོད།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་བོད་ཀྱི་བདེན་མཐའ་གསལ་ཐབས་དང་བོད་དོན་ཐོག་རྒྱབ་སྐྱོར་སྔར་ལྷག་ཐོབ་སླད་རྒྱལ་སྤྱིའི་ནང་གཞུང་དང་། གྲོས་ཚོགས་ཁག སྒྲིག་འཛུགས་གཞན་སོགས་ཀྱིས་བོད་དོན་ཐོག་ཐུགས་སྣང་དང་རྒྱབ་སྐྱོར་ཡོང་ཐབས་ཆེད་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་ཉེ་ཆར་ཡུ་རོབ་རྒྱལ་ཁབ་ཁག་ཅིག་ནང་ཆེད་ཕེབས་གནང་བ་དང་། དེ་བཞིན་བོད་མི་མང་སྤྱི་འཐུས་རྣམ་པ་རྒྱ་གར་གྱི་མངའ་སྡེ་ཁག་དང་རྒྱལ་ཁབ་གཞན་ཁག་ནང་ཆ་བགོས་ཀྱིས་བོད་དོན་ཞུ་སྐུལ་ལས་དོན་སྤེལ་དང་སྤེལ་མུས་ཡིན་པ་དང་། ལྷག་པར་རྒྱ་གར་གྱི་མངའ་སྡེ་སོ་སོའི་ནང་གནད་ཡོད་མི་སྣ་མཇལ་འཕྲད་སོགས་ཀྱི་ལས་དོན་ཆ་ཚང་ཚགས་ཚུད་ལེགས་གྲུབ་ཀྱིས་རྒྱབ་སྐྱོར་ཡང་གང་ལེགས་ཐོབ་བཞིན་ཡོད་ན་དགའ་སྤོབས་དང་བཅས་དེ་རིང་གོ་སྐབས་འདི་བརྒྱུད་རྒྱ་ཆེའི་མང་ཚོགས་ལ་མཁྱེན་རྟོགས་ཆེད་སྙན་གསན་ཞུ་འདོད་བྱུང་།

བོད་མི་རྩམ་ཟན་ཡོངས་ནས་ཡིད་ལ་བཅང་དགོས་པའི་གནད་དོན་གལ་ཆེ་བ་ཞིག་ནི། རང་ཅག་བོད་མི་རྣམས་ཀྱི་ཚེ་འདི་ཕྱི་གཉིས་ཀྱི་སྐྱབས་དང་མགོན་དཔུང་བླ་ན་མེད་པ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ད་ཆ་དགུང་ལོ་མཐོ་རུ་ཕེབས་བཞིན་པ་དང་། མགོན་པོ་གང་ཉིད་མཆོག་ནི་འཛམ་གླིང་འདིའི་སྟེང་༸སྐུ་འཚོ་བཞུགས་ཡོད་པ་ཙམ་གྱིས་རང་ཅག་རྣམས་ལ་བསོད་ནམས་ཀྱི་དཔལ་གྱི་ཉི་མའི་འོད་མདངས་བཞིན་བདེ་སྐྱིད་སྦྱིན་ངེས་ལ་སོང་། ༸གོང་ས་མཆོག་གིས་འདི་ལོར་ལ་དྭགས་སུ་བཀའ་སློབ་ཟབ་མོ་ཇི་ཕེབས་བཞིན་༸གོང་ས་མཆོག་༸སྐུ་ཚེ་རིང་དུ་བཞུགས་ཕྱིར་སྤྱི་སྒེར་སྒྲིག་འཛུགས་དང་ཚོགས་སྡེ་ཁག་བཅས་ནས་མཇལ་ཞུ་སོགས་འབྲེལ་ཡོད་ཚང་མས་སྔར་ལས་ཉུང་འཕྲི་ཡོང་ཐབས་ཀྱི་དགོངས་བཞེས་གནང་དགོས་པ་གལ་ཆེ་དང་། དེ་བཞིན་ཉེ་ཆར་བོད་མི་མང་སྤྱི་འཐུས་རྒྱུན་ལས་ནས་དཔལ་ལྡན་དགའ་ལྡན་ཕོ་བྲང་བརྒྱུད་སྙན་གསེང་གིས་༸སྐུ་ངལ་མང་ཙམ་གསོ་ཐབས་ཡོང་བ་བཅས་གསོལ་འདེབས་སྙན་སྐུལ་ཞུས་ཡོད་པས་འབྲེལ་ཡོད་ཚང་མས་ཕྱག་བསྟར་མཇུག་སྐྱོང་གནང་དགོས་པའི་འབོད་སྐུལ་བསྐྱར་ནན་ཞུ་རྒྱུ་ཡིན།

གཞན་ཡང་དེ་རིང་བཞུགས་སྒར་རྡ་རམ་ས་ལར་རྒྱལ་སྤྱིའི་ཧི་མ་ལ་ཡའི་དུས་སྟོན་སྲུང་བརྩི་དང་འབྲེལ་ས་གནས་ཡུལ་མི་མང་ཚོགས་ནས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་མཛད་སྒོར་མཉམ་བཞུགས་ཀྱིས་༸གོང་ས་མཆོག་གི་མཛད་འཕྲིན་ལ་ཆེ་བསྟོད་ཞུ་བ་ནི་ཧིན་བོད་མི་མང་དབར་མཛའ་བརྩེའི་རྣམ་པ་མཚོན་གྱི་ཡོད་སྟབས། ཧི་མ་ལ་ཡའི་དུས་སྟོན་གོ་སྒྲིག་འགན་བཞེས་གནང་མཁན་ཚང་མར་ལེགས་གསོ་དང་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། ད་ཕན་མི་ལོ་ ༦༠ ལ་ཉེ་བའི་རིང་རྒྱ་གར་དབུས་གཞུང་དང་། མངའ་གཞུང་ཁག དེ་བཞིན་ས་གནས་འཛིན་སྐྱོང་སྡེ་ཁག་བཅས་ནས་བོད་མིའི་ཐོག་བསམ་ཡུལ་ལས་འདས་པའི་རོགས་མགོན་ཕན་གྲོགས་གནང་བར་བཀའ་དྲིན་བརྗེད་ཐབས་མེད་པར་བརྟེན་ད་རེས་ཀྱི་གོ་སྐབས་འདི་བཟུང་སྟེ་སླར་ཡང་རྒྱ་གར་དབུས་སའི་གཞུང་དང་། མང་ཚོགས་ལ་ཐུགས་རྗེ་བླ་མེད་དུ་ཆེ་ཞེས་ཞུ་རྒྱུ་དང་། དེ་བཞིན་ད་བར་བོད་དོན་ཐོག་ཐུགས་ཁུར་ཆེན་པོས་རྒྱབ་སྐྱོར་གནང་མཁན་ཕྱིའི་རྒྱལ་ཁབ་ཁག་གི་གཞུང་སྒེར་སྒྲིག་འཛུགས་ཁག་དང་མི་མང་ཡོངས་ལ་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸ཞབས་པད་སྲིད་མཐར་བརྟན་ཅིང་། རླབས་ཆེའི་ཐུགས་ཀྱི་དགོངས་བཞེད་མཐའ་དག་མ་ལུས་ལྷུན་གྱིས་འགྲུབ་པ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཤུགས་དྲག་ཞུ་རྒྱུ་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༡༠ ལ།།

Share with your friends










Submit