ཟླ་བ་ ༡༢ ཚེས ༤ ༢༠༡༨
Published By ngawang thokmey

༢༠༡༨ ཟླ་ ༡༢ ཚེས་ ༤ རེས་གཟའ་མིག་དམར།

༄༅། །ཕྱི་རྒྱལ་དུ་བཞུགས་པའི་འབྲེལ་ཡོད་མི་སྣ་ཁ་ཤས་ལ་བཅར་འདྲི་བྱས་པ། བཅར་འདྲི་ཞུ་མཁན་ཨོ་སི་ཊི་ལི་ཡ་རྒྱལ་ཡོངས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཟུར།  ཆབ་སྲིད་བཙོན་ཟུར། བློ་བཟང་ལུང་རྟོགས། 

[ལེ་ཚན་འདི་བཞིན་མདོ་སྨད་རེབ་གོང་དུ་དུས་རབས་ཉི་ཤུའི་ལོ་རབས་༨༠ ནང་ཆབ་སྲིད་ལས་འགུལ་གྱི་གནས་ཚུལ་མང་པོ་བྱུང་ཡོད་ཀྱང་། ད་ལྟའི་ཆར་ཕྱིར་མིག་ལྟ་དུས་གཞུང་འབྲེལ་ཡིག་ཆ་ཁག་ཏུ་སྐབས་དེར་དངོས་བྱུང་གནས་ཚུལ་ཧ་ཅང་ཉུང་ངུ་རེ་ལས་སླེབས་མེད་པ་དང་། བོད་ཀྱི་ས་མཚམས་ཁག་ཏུ་ལོ་རྒྱུས་ཀྱི་དཀྱོགས་མཚམས་གལ་ཆེའི་ནང་། ངེས་ཅན་དུ་ཡིག་ཐོག་ཏུ་གནས་དགོས་ངེས་ཀྱི་ཆབ་སྲིད་ཀྱི་འགྱུར་བ་ཁག་འབྲེལ་ཡོད་མི་སྣ་ཕྱི་རྒྱལ་རང་དབང་ལུང་པར་བཞུགས་པ་ཚོ་དང་ལྷན་དུ་དྲི་བ་དྲིས་ལན་གྱི་གླེང་མོལ་བརྒྱུད་གསལ་ཁ་བཟོ་རྒྱུ་ནི། དུས་རབས་དེར་ཆབ་སྲིད་ལས་འགུལ་གྱི་ཚ་རླབས་ཁྲོད་འཚར་ལོངས་བྱུང་པའི་རྒྱུས་ཡོད་པ་རྣམས་ཀྱི་ལས་འགན་ཡིན་པ་སོགས། ཕྱོགས་མང་པོ་ནས་དུས་བབ་ཀྱི་དགོས་མཁོ་གལ་ཆེན་ཞིག་ཏུ་མཐོང་བས་སྐབས་དེ་དག་ཏུ་འབྲེལ་ཡོད་ཀྱི་མི་སྣ་ཚོ་དང་མཉམ་དུ་བཅར་འདྲི་ཞུས་ཏེ། མུ་འགོད་ཀྱིས་ལོ་ངོ་༣༠ འགོར་བའི་རེབ་གོང་རྒྱལ་གཅེས་ཕོ་མོ་རྣམས་ཀྱིས་སྤེལ་བའི་ཆབ་སྲིད་ལས་འགུལ་ཀྱི་ལོ་རྒྱུས་དྲན་གསོ་བྱ་འཆར་ལགས།]

སྤྱི་ཟུར་དགེ་བཤེས་རོང་པོ་བློ་བཟང་སྙན་གྲགས་ལགས་ལ་ ༢༠༡༨ ཟླ་ ༡༠ ནང་རྒྱ་གར་དུ་ཁ་པར་ཐོག་བཅར་འདྲི་བྱས་པ་གཤམ་གསལ།

དགེ་བཤེས་ལགས། ཁྱེད་རང་བོད་མདོ་སྨད་རོང་པོ་དགོན་ཆེན་དུ་བཞུགས་སྐབས། ཕྱི་ལོ་༡༩༨༩ ལོར་རེབ་གོང་དུ་ངོ་རྒོལ་སྐད་འབོད་ཁྲོམ་སྐོར་དུ་ཞུགས་པ་དང་། རྒྱ་གཞུང་གིས་འཛིན་བཟུང་བྱས་པའི་གནས་ཚུལ་ང་རང་དེ་དུས་རེབ་གོང་དུ་ཡོད་སྐབས་ཤེས་ཀྱི་ཡོད་པ་རེད། སྐབས་དེའི་གནས་ཚུལ་ཞིག་གསུང་ན་ཨེ་ཆོག ། ངས་ལོ་རབས་༨༠ ནང་མདོ་སྨད་རེབ་གོང་དུ་རྒྱ་གཞུང་གི་སྲིད་བྱུས་ལ་ངོ་རྒོལ་བྱས་པའི་གནས་ཚུལ་དྲན་གསོའི་ལས་རིམ་ཞིག་བཟོ་བཞིན་ཡོད་ལ། དེའི་ཆེད་དུ་ཕྱི་རྒྱལ་དུ་བཞུགས་པའི་སྐབས་དེར་འབྲེལ་ཡོད་མི་སྣ་ཚོར་བཅར་འདྲི་བྱེད་བཞིན་ཡོད།
དྲི་བ། ལོ་རབས་བརྒྱད་ཅུའི་ནང་གི་རེབ་གོང་གི་ཆབ་སྲིད་གནས་ཚུལ་ཞིག་གསུང་དང་།



ལན། རྒྱ་གཞུང་གིས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་ལོ་དགུ་དང་ཟླ་བ་བརྒྱད་དུ་བཙོན་འཇུག་བྱས་ཏེ། ཕྱི་ལོ་༡༩༧༧ ལོའི་ཕྱི་ཟླ་༡༠ ནང་གློད་གྲོལ་ཐོབ་ཅིང་། དེ་ནས་ཕྱི་ལོ་༡༩༨༩ ཟླ་༡ ཚེས་༢༨ ཉིན་ཁོང་གློ་བུར་དུ་སྐུ་གཤེགས་པའི་བར་གྱི་ལོ་ངོ་བཅུ་གྲངས་དེ་ནི་བོད་ལ་མཚོན་ན། ཁོང་སྐུ་དངོས་ཀྱིས་རྒྱ་གཞུང་གི་འགོ་ཁྲིད་ཚོ་དང་མཉམ་དུ་སྤོབས་པ་ཆེན་པོས་དཔུང་བ་བརྡར་ནས་བོད་མི་རིགས་ཀྱི་ལས་དོན་ནང་མཉམ་ཞུགས་དང་དབུ་ཁྲིད་མཛད་དེ། བོད་ས་ཁྱོན་ཡོངས་ནས་བོད་ཀྱི་ཤེས་འཇོན་གཉིས་ལྡན་གྱི་མི་སྣ་གང་ན་སུ་ཡོད་ཚང་མའི་མ་བགྲོས་བསམ་པ་གཅིག་མཐུན་གྱིས། ཁོང་གི་དབུ་འོག་དཔུང་འདེགས་ཀྱིས་འགྱེལ་ས་ནས་ཡར་ལངས་པའི་གསེར་ལྟ་བུའི་དུས་ཚོད་དེ་རེད། ༡༩༨༠ ལོ་སྟོད་དུ་ཧུའུ་ཡའོ་པང་གི་གཙོ་སྐྱོང་འོག །རྒྱ་ནག་དབུས་གཞུང་གི་དྲུང་ཆེ་ལྷན་ཚོགས་ཀྱིས་ཐེངས་དང་པོའི་བོད་ཀྱི་ལས་དོན་སྐོར་གྱི་ཚོགས་འདུ་བསྐོངས་ཚོགས་བྱས་པ་དང་། སྐབས་དེར་པཎ་ཆེན་རིན་པོ་ཆེས་རྒྱ་ནག་དབུས་གཞུང་ལ་གནས་ཚུལ་མང་པོ་ཞུས་པ་རེད། བསམ་འཆར་ཡང་མང་པོ་བཏོན་པར་མ་ཟད། བོད་ཀྱི་ལས་དོན་ནང་གི་ནོར་འཁྲུལ་ལ་གནད་དུ་ཕིགས་པའི་སྐྱོན་བརྗོད་ཀྱང་ཚ་ནན་བྱས་པ་རེད། ཁོང་གིས་བོད་ཡིག་སློབ་སྦྱོང་དང་། བེད་སྤྱོད་གཏོང་རྒྱུར་ཧ་ཅང་གཙིགས་ཆེན་བྱས་པ་དང་། མི་རིགས་ས་ཁོངས་རང་སྐྱོང་གི་སྲིད་བྱུས་ལག་བསྟར་བྱེད་པའི་ཐད་ཐུགས་ཁུར་ཆེན་པོ་གནང་སྟེ། ཁོང་གིས་ས་གནས་རང་སྐྱོང་བྱེད་རྒྱུ་དེ་དག་མིང་དོན་མཚུངས་པའི་རང་སྐྱོང་ཞིག་བྱེད་དགོས་པ་ལས། གཞན་གྱིས་སྐྱོང་མི་དགོས་པ་དང་། ཚབ་བྱས་ནས་ཀྱང་སྐྱོང་མི་དགོས། ཞེས་ནན་བཤད་གནང་བར་མ་ཟད། མངའ་ཁོངས་རང་སྐྱོང་ལག་བསྟར་བྱེད་པའི་གཙོ་གནད་ནི། འབོར་ཆེ་བའི་སྤྱོད་ཡོན་གཉིས་ལྡན་གྱི་ལས་བྱེད་པ་གསོ་སྐྱོང་བྱེད་དགོས་པ་གལ་ཆེན་དུ་བཟུང་ཡོད། ཁོང་ཞལ་བཞུགས་པའི་དུས་ཚོད་དེ་དག་གི་ནང་། བོད་ཀྱི་ས་ཁུལ་གང་དུ་ཡང་དགེ་སྐྱོན་ག་རེ་བྱུང་རུང་སྐྱིད་སྡུག་ཞུ་སའི་རྒྱབ་རྟེན་བྲག་རི་ནང་བཞིན་ཞིག་དང་། ཁ་ཡོད་ལག་ཡོད་ཀྱི་མི་རིགས་ཀྱི་སྣེ་ཁྲིད་གནང་མཁན་ཞིག་ཡོད་པས། ཚང་མར་བློ་སྤོབས་དར་ཞིང་མདུན་མཆོངས་བྱ་རྒྱུར་ནུས་ཤུགས་ཡོད་པའི་དུས་སྐབས་ཤིག་ཡིན། ཕྱི་ལོ་༡༩༨༠ ཟླ་༡༠ ནང་མཚོ་སྔོན་དུ་གཟིགས་ཞིབ་འཚམས་འདྲིར་ཕེབས།

སྐབས་དེར་གཅན་ཚ་ནས་རེབ་གོང་དུ་ཕེབས་དུས་ཧོར་ཟླ་༩ པའི་ཚེས་༢༢ ལ་ཁེལ་ཡོད་པ་དང་། སྐབས་དེར་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱེད་ཐབས་སྐོར་ལམ་སྟོན་གལ་ཆེན་གནང་བ་རེད། ལོ་རབས་བརྒྱད་ཅུའི་དུས་སྐབས་ནང་དབུས་གཙང་ཁུལ་དུ་རྒྱ་གཞུང་གི་སྲིད་བྱུས་ལ་ངོ་རྒོལ་གྱི་གནས་ཚུལ་ལོ་ནས་ལོ་བསྟུད་དེ་བྱུང་བར་མ་ཟད། རླུང་འཕྲིན་ཁག་ནང་། ཏཱ་ལའི་རུ་ཚོགས་ཀྱིས་ངན་བསྐུལ་བྱས་ཏེ་ཁ་བྲལ་རིང་ལུགས་པས་ལྷ་སར་ཁྲོམ་སྐོར་བྱས་ཚུལ་སོགས་རྒྱལ་བ་རིན་པོ་ཆེར་སྐྱོན་བརྗོད་ཀྱི་ཚིག་མང་པོ་རྣ་ལམ་དུ་ཐོན་རིམ་བཞིན། ཕྱི་ལོགས་སུ་བཞུགས་པའི་རྒྱལ་བ་རིན་པོ་ཆེའི་ཕྱོགས་ལ་སྟོབས་ཤུགས་ཤིན་ཏུ་ཆེ་བའི་ཚོར་སྣང་ཞིག་ཡོང་གི་ཡོད། ལོ་རབས་བརྒྱད་ཅུའི་ནང་གི་རེབ་གོང་ལ་མཚོན་ན། ང་བརྒྱད་དང་རིག་གསར་གྱི་རླུང་འཚུབ་ཀྱི་ནང་ནས་སྟེས་དབང་གིས་ཐར་བའི་བན་བོན་སྔགས་གསུམ་གྱི་མཁས་པ་དང་། སློབ་གྲྭ་དང་སྤྱི་ཚོགས་བཅས་སུ་ཤུགས་རྐྱེན་ཆེ་ཞིང་མི་རིགས་ཀྱི་ལ་རྒྱ་ཡོད་པའི་མི་གང་འཚམ་ཞིག་ལྷག་ཡོད་པས། གཏིང་ཟབ་རང་བཞིན་གྱི་མི་རིགས་ཀྱི་འདུ་ཤེས་ཧ་ཅང་ཟབ་པའི་ས་ཁུལ་ཞིག་ཆགས་ཡོད།
ང་རང་ལོ་༢༠ ཡས་མས་ཙམ་གྱི་སྐབས་སུ་བོད་རང་བཙན་དང་མི་རིགས་ཀྱི་ལ་རྒྱ་ཟེར་བའི་ཚིག་འདི་དག་རྣ་ལམ་དུ་ཡང་ཡང་ཐོན་བཞིན་པར་མ་ཟད། གཞོན་དུས་ཀྱི་ངར་ཤུགས་ཀྱང་ཧ་ཅང་ཆེ།
༡༩༨༧ ལོའི་དགུན་ཁར་ རེབ་གོང་རོང་བོ་དགོན་ཆེན་དང་། དགོན་པའི་ཉེ་འགྲམ་གྱི་རྨ་ལྷོ་དགེ་ཐོན་སློབ་གྲྭ། རེབ་གོང་མི་རིགས་སློབ་འབྲིང་། གཞན་ཡང་། གནད་ཆེ་སའི་ས་གནས་ཁ་ཤས་སུ་སྦྱར་ཡིག་སྦྱར་བའི་གནས་ཚུལ་ཐོས། མཇུག་ཏུ། “བོད་སྐྱོབ་གཞོན་ནུ་ཚོགས་པ་རེབ་གོང་ཚོགས་ཆུང་”ཞེས་བཀོད་ཡོད་ཚུལ་གླེང་གི་འདུག །
ལོ་རབས་བརྒྱད་ཅུ་པའི་དུས་མགོར་སྲིད་བྱུས་ཅུང་ཟད་ལྷོད་ཡངས་བཏང་ཚུན་སྦྱར་ཡིག་ཅིག་སྦྱར་ན་དེ་གླེང་སློང་བྱ་རྒྱུ་དང་། དེ་དང་འབྲེལ་བའི་གནས་ཚུལ་ཛ་དྲག་ཆགས་རྒྱུ་ཡིན་པ་ནི་བཤད་མ་དགོས་པ་ཞིག་རེད།
ང་རང་རྣམ་འགྲེལ་འཛིན་གྲྭ་འགྲིམ་དུས། ཕྱི་ལོ་༡༩༨༧ ལོའི་བཅུ་པའི་ལྔ་མཆོད་སྐབས་འདུ་ཁང་ཀ་བརྒྱ་མའི་ཕུབ་མ་བརྗེ་བ་དང་དཀར་རྩི་བྱུགས་སྐབས། རྣམ་འགྲེལ་འཛིན་གྲྭ་གོང་འོག་གཉིས་ཀྱི་དགེ་འདུན་པ་ཚོས་སྐད་འབོད་ཁྲོམ་སྐོར་གྱི་སྐད་ཆ་མང་པོ་བྱུང་སྟེ། ཚོགས་ཆེན་འདུ་ཁང་གི་ཡང་སྟེང་གི་༸རྒྱལ་བ་པཎ་ཆེན་རྣམ་གཉིས་ཀྱི་གཟིམ་ཁང་ཡོད་སའི་མདུན་དུ་ཡར་ལངས་བྱེད་རྒྱུར་ཚང་མས་མནའ་བསྐྱལ་དམ་བཅའ་ཕུལ་བ་སོགས་བྱས་ཀྱང་། སུ་ཞིག་གིས་སྙན་སེང་ཞུ་གཏུགས་བྱས་པ་མི་ཤེས་ཀྱང་། ཚེས་༢༤ ཉིན་ཨ་ལགས་གསེར་ཁྲི་ཚང་གིས་གསན་ནས་སྐབས་དེར་ང་ཚོ་རྣམ་འགྲེལ་འཛིན་གྲྭར་གྲྭ་བ་ལྔ་བཅུ་ཙམ་ཡོད་པ་ནས་སྣེ་ཁྲིད་མཁན་ཁ་ཤས་གཟིམ་ཁང་དུ་སྐད་བཏང་སྟེ། དེ་སྔོན་ང་བརྒྱད་དང་རིག་གནས་གསར་བརྗེའི་སྐབས་ཀྱི་རྒྱ་གུང་ཁྲན་གྱི་བྱ་ལུགས་བྱེད་སྟངས་ཚང་མ་གསུངས་ཏེ། བསླབ་བྱ་མང་པོ་བསྐྱོན་དང་ངོ་རྒོལ་བྱེད་མི་ཉན་ཚུལ་བཀའ་གསུང་གནང་བ་རེད། ཁོང་ནི་རེབ་གོང་སྐྱབས་མགོན་གྱི་རྒྱལ་ཚབ་དང་། སྐབས་དེའི་གྲྭ་བ་ཕལ་མོ་ཆེའི་དགེ་ཚུལ་སློང་གི་སྡོམ་པ་འབོགས་པ་དང་། གསུང་ཆོས་གནང་མཁན་རྩ་བའི་བླ་མ་གཙུག་གི་ནོར་བུ་ཉག་གཅིག་ཡིན་པས། ཁོང་གི་བཀའ་གསུང་གནང་ན་མི་བརྩི་མཁན་སུ་གཅིག་ཀྱང་མེད་པས་ལོ་དེར་སྐད་འབོད་ཁྲོམ་སྐོར་བྱས་ཡོད་པ་མ་རེད། སྐབས་དེར་ཁོང་གིས་བཀག་མེད་ན། རྣམ་འགྲེལ་འཛིན་གྲྭ་གོང་འོག་གཉིས་ཀས་མནའ་སྐྱེལ་ཡོད་པས་སྐད་འབོད་ཁྲོམ་སྐོར་བྱེད་རྒྱུར་ཐེ་ཚོམ་མེད་པ་རེད། ཡིན་ནའང་གནས་ཚུལ་དེའི་རིགས་ཀྱིས་དགོན་པ་དང་སྤྱི་ཚོགས་ནང་ཤུགས་རྐྱེན་ཆེན་པོ་བཟོས་ཡོད་པ་ནི་ཨ་ཅང་ཅང་།
གང་ལྟར་ཡང་། ཕྱི་ལོ་༡༩༨༧ ལོར་སྦྱར་ཡིག་དེ་སྦྱར་བའི་གནས་ཚུལ་བྱུང་རྗེས། རེབ་གོང་འཕྲོད་བསྟེན་སློབ་གྲྭས་ཕྱི་ཟླ་༡༡ པའི་ཟླ་མཇུག་ནས་ཉིན་ཤས་རིང་སློབ་མཚམས་བཞག་པ་དང་། དེ་བཞིན་རྨ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭའི་སློབ་མ་ཚོས་ཟ་མ་མ་ཟོས་པ་དང་། སློབ་མ་ཉིས་བརྒྱ་ལྷག་གིས་གཞུང་ལམ་དུ་ཐོན་ནས་རྔམ་སྟོན་ཁྲོམ་སྐོར་བྱས་སྐོར་བྱས་པ་རེད། ཕྱི་ལོ་༡༩༨༧ ཟླ་༡༢ ཚེས་༡༠ ཉིན། དེང་སང་ཨ་རིར་གནས་བཞུགས་ཀ་བཙན་བླ་མ་སྐྱབས་སོགས་དགེ་རྒན་སྐོར་ཞིག་གིས་སྣེ་ཁྲིད་དེ། རེབ་གོང་ཐུན་རིན་རྫོང་མི་རིགས་སློབ་འབྲིང་གི་སློབ་མ་བརྒྱ་ཕྲག་མང་པོས་ཞོགས་པའི་སློབ་ཁྲིད་ལ་མ་འཚོགས་པར་ཞི་བའི་སྐད་འབོད་བྱས་པའི་གནས་ཚུལ་གོ་བ་སོགས་སྐབས་དེར། རེབ་གོང་ས་ཁུལ་དུ་ཟང་ཟིང་གི་སྐད་ཆ་དང་གནས་ཚུལ་མང་པོ་མཐོང་ཐོས་ཡོད་པ་རེད། ཉེ་འགྲམ་གྱི་རོང་བོ་དགོན་པའི་གྲྭ་བ་ཚོར་སེམས་ཤུགས་འཕར་ནས་ལ་རྒྱའི་སྐད་ཆ་འདྲ་མིན་བཤད་པའི་གནས་ཚུལ་ཚ་ཚ་འུར་འུར་དུ་གྱུར་ཏེ། ཚོགས་དང་ཆོས་གྲྭ་གང་ལ་ཚོགས་ཀྱང་། གྲྭ་བ་ཚོས་གླེང་རྒྱུ་ནི་བོད་དོན་དང་རེབ་གོང་སློབ་གྲྭ་ཁག་གསུམ་གྱི་སློབ་མའི་ལ་རྒྱ་དང་ངར་ཤུགས། ཡར་ལངས་ཀྱི་སྙིང་སྟོབས་ཙམ་དུ་མ་ཟད། ཕྱོགས་ཡར་མར་ན་ཡར་ལངས་རྒྱག་གི་ཡོད་སྐོར་བདེན་རྫུན་ཅི་རིགས་གོ་ཐོས་ཡོང་གི་ཡོད་ལ། དགོན་པའི་གྲྭ་བ་ཚོ་ཡང་ཡར་ལངས་དགོས་སྐོར་དངོས་ཤུགས་བརྒྱུད་གསུམ་ནས་གླེང་གི་ཡོད།
ཉིན་ཞིག་སྤྱི་པའི་འདུ་ཁང་ནང་ཉིན་གུང་གི་ཚོགས་ལ་ཚོགས་གྲབས་ཡོད་པའི་སྐབས་དེར། སུས་ཀྱང་མ་བསྐུལ་དང་བླངས་ཐོག་ང་ཚོ་གྲྭ་གཞོན་ཕལ་ཆེར་དགོན་པའི་མཁར་སྒོའི་གཞུང་ལམ་ཉེ་འགྲམ་དུ་འཛོམས་ནས་ངོ་རྒོལ་སྐད་འབོད་དུ་འགྲོ་རྒྱུར་ཟང་ཟིང་འུར་འུར་བྱེད་སྐབས། སྐུ་གཤེགས་དཔའ་བོ་དགེ་འདུན་རྒྱལ་མཚན་སོགས་ཀྱིས་དཔའ་ངར་ལྡན་ཞིང་། སྙིང་སྟོབས་དང་སྐད་ཤུགས་ཆེན་པོའི་སྒོ་ནས་ངར་ཤུགས་སློང་གི་ཡོད་པ་དྲན། གང་ལྟར་ཡང་། རེབ་གོང་རོང་བོ་དགོན་པའི་གྲྭ་གཞོན་ཚོ་གཞུང་ལམ་སྟེང་བུད་དེ། གོམ་པ་འགའ་སྤོས་པའི་མཚམས་སུ་རྫོང་ཆུང་གསེར་ཁྲི་རྡོ་རྗེ་འཆང་མཁས་བཙུན་ལུང་རིགས་རྒྱ་མཚོ་ཚང་གི་ཕྱག་མཛོད་ཨ་ཁུ་སྒོ་མེ་ལགས་ཀྱིས་ལག་ཏུ་ཁ་བཏགས་དཀར་པོ་ཞིག་བཟུང་ནས་གློ་བུར་དུ་ང་ཚོའི་མདུན་དུ་སླེབས་ནས་བཀག་སྟེ། གསེར་ཁྲི་རྡོ་རྗེ་འཆང་ཚང་དང་རེབ་གོང་མི་དམངས་སྤྱི་ལ་ཐུགས་བསམ་ཞིག་བཞེས་རོགས། ཞེས་སྐད་གསེང་མཐོན་པོས་མནའ་ལ་བཀར་ནས་གསུངས་པས་སྐད་འབོད་ཁྲོམ་སྐོར་ལ་འགྲོ་མ་ཐུབ་ཀྱང་།

མཁར་སྒོར་ངོ་རྒོལ་ཆེད་འདུ་འཛོམས་བྱས་པ་ཙམ་གྱིས་ཤུགས་རྐྱེན་ཆེན་པོ་བཞག་ཡོད་པ་བཤད་མ་དགོས་པ་ཞིག་རེད།
ཉིན་མོ་དེར་རེབ་གོང་ཁུལ་ཐོག་ཏུ་དམག་སྒར་ཆེན་པོ་ཞིག་ཡོད་པའི་དམག་མི་ཚོས། ལག་ཏུ་མཚོན་ཆ་སྣ་ཚོགས་བཟུང་ནས། དགོན་པའི་གཞུང་ལམ་དང་ཁུལ་ཐོག་གི་ས་མཚམས་དེར་སྒུག་ཡོད་པ་མཐོང་འདུག། གལ་སྲིད་ཨ་ཁུ་སྒོ་མེའི་ཞལ་ལ་མ་བརྩིས་པར་ཁྲོམ་སྐོར་དུ་ཕྱིན་པ་ཡིན་ན། དགེ་འདུན་པ་དང་རྒྱ་དམག་བར་གདོང་ཐུག་ག་འདྲ་ཞིག་རྒྱག་རྒྱུ་ཡིན་པ་དང་དེའི་མཇུག་འབྲས་ཅི་ཞིག་ལྷགས་རྒྱུ་ཡིན་པ་ནི་ཚོད་དཔག་དཀའ་བ་ཞིག་རེད།
སྐབས་དེར། རྒྱ་གཞུང་གིས་དགོན་པའི་འཛུགས་སྐྲུན་ཡོད་ཚད་གཏོར་བཤིག་བཏང་རྗེས། ཐོས་བསམ་གླིང་གྲྭ་ཚང་གི་འདུ་ཁང་དང་ཚོགས་ཆེན་འདུ་ཁང་གཉིས་ལུས་པ་རེད། ཚོགས་ཆེན་འདུ་ཁང་ཆེན་མོ་ནི་རྫོང་ཆུ་གློག་ཁང་གི་ལས་ཁུངས་ཀྱི་དངོས་རྫས་འཇོག་ས་བྱས་ཏེ། ཁྱམས་རའི་མདུན་ནས་རྩིག་པས་བཅད་ཡོད་པ། ཕྱི་ལོ་༡༩༨༠ ལོའི་ཟླ་བ་དང་པོའི་ནང་དགོན་པར་རྩིས་ལེན་བྱས་པ་རེད། དགོན་པའི་ནང་གཏེར་ཁ་སྔོགས་འདོན་གྱི་ལས་ཁུངས་དང་། ལམ་བཟོ་རུ་ཁག་གི་ལས་ཁུངས་གཉིས་དང་། ད་དུང་རྡོ་སོལ་བཙོང་ས་སོགས་བཟོས་ཡོད་ལ། གྲྭ་ཚང་ཆོས་རའི་ནང་རུས་པ་དང་པགས་པ། ལྕགས་རིགས་སོགས་ཉོ་ཚོང་བྱེད་སའི་ལས་ཁུངས་བཟོས་འདུག །
ལོ་ངོ་བདུན་བརྒྱ་ལྷག་གི་ལོ་རྒྱུས་ཡོད་པའི་རོང་པོ་དགོན་པའི་ནང་གི་སྐུ་གསུང་ཐུགས་རྟེན་དང་ལྷ་ཁང་དང་། གྲྭ་ཤག་རྣམས་བོད་ཁམས་ཡོངས་ཀྱི་དགོན་སྡེ་༦༠༠༠ ལྷག་གཏོར་བཤིག་བཏང་བ་དེ་དག་དང་གཅིག་མཚུངས་མེད་བརླག་ཏུ་བཏང་བ་དང་། རྒྱ་མིའི་ལས་བྱེད་སྡོད་སའི་རྒྱ་ཁང་རྣམས་དགོན་པའི་ནང་འཚངས་ཀ་བརྒྱབ་སྟེ་དགོན་པ་ཞིག་གི་རྣམ་པ་ཡལ་ཚར་ཡོད། གནས་གཞི་དེར། རོང་བོ་དགོན་པ་བསྐྱར་བཞེངས་བྱེད་ཀྱི་ཡོད་པས། སྐབས་དེར་ང་ཚོ་གྲྭ་བ་རྒན་གཞོན་མེད་པར་ནམ་རྒྱུན་འཆར་ཅན་ལྟར། ཉི་མ་ལྷོད་ལ་བབ་མཚམསདགོན་པའི་ལས་ཀར་འགྲོ་དགོས། གང་ལྟར་ས་ལས་རྡོ་ལས་དང་སྐུ་འདྲ་བཞེང་རྒྱུར་ས་དམར་རྡུང་བ་དང་། གཟུངས་གཞུག་འདྲ་དཀྲི་སོགས་ལོ་མང་པོ་ཞིག་ལ་དེ་ལྟར་དཀའ་ལས་བརྒྱབ་པས་དགོན་པ་ཞིག་གི་བཟོ་ལྟ་ཐོན་པར་མ་ཟད། འཛུགས་སྐྲུན་ཡང་གང་འཚམ་ཡར་རྒྱས་སུ་ཕྱིན་ཡོད། ལོ་རབས་བརྒྱད་ཅུའི་ནང་ཡར་རྒྱས་མེད་པའི་འཚོ་བ་སྐྱོ་ནའང་རེབ་གོང་མི་དམངས་ཀྱིས་དད་སྟོབས་ཧ་ལས་པ་ཞིག་ཡིན་པས། གང་མགྱོགས་དགོན་པ་སླར་གསོ་བྱས་པ་རེད། སྐབས་དེར་དབུས་དང་ཞིང་ཆེན་དང་ཁུལ་རིམ་པའི་རྒྱ་གཞུང་གིས་རོགས་སྐྱོར་མེད་པར་མ་ཟད། དགོན་པའི་ནང་དང་ཉེ་འགྲམ་དག་གི་རྒྱ་གཞུང་ལས་ཁུངས་ཁག་རང་འཇགས་བསྡད་པས་དགོན་པའི་གྲྭ་བ་རྣམས་འདུག་ས་དཀོན་པ་དང་འཛུགས་སྐྲུན་གྱི་ས་ཆ་མེད་པ། ཐ་ན་ཆོས་ར་ཚོགས་ས་ཚད་ལྡན་ཞིག་ཀྱང་མེད་པར་མ་ཟད། སྐབས་དུས་ངེས་མེད་དུ་ལས་བྱེད་ཚོ་ཡོང་ནས་ངར་ངར་རྫིག་རྫིག་གི་སློབ་གསོ་རྒྱག་པ་ནི། དགོན་པའི་གྲྭ་བ་ཚོས་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་གནད་དོན་ཆགས་ཡོད། སྐབས་དེར་དངོས་གནས་དྲང་གནས་དགེ་འདུན་པས་འཛིན་སྐྱོར་སྦྱང་དང་དཔེ་ཀློག་དང་དཔེ་ཁྲིད་ལ་འགྲོ་ལུགས། ཆོས་རར་རྩོད་པ་རྩོད་སྟངས་སོགས་ནི་དེང་སང་བསམ་ན་ཧ་ལས་པ་རེད་འདུག །མཚན་ཆུ་ཚོད་༡༡ དང་༡༢ བར་དུ་གཞུག་གཅོད་ལ་སྡོད་ཀྱི་ཡོད།

དྲི་བ། སྐབས་དེར་འཛིན་བཟུང་བཀག་ཉར་དང་འཇིགས་སྐུལ་བྱས་པའི་གནས་ཚུལ་ག་རེ་བྱུང་ཡོད་ན།

ལན། ཕལ་ཆེར་ཡི་གེ་སྦྱར་འདུག་པའི་གནས་ཚུལ་དང་། ཁྲོམ་སྐོར་ཆེད་གྲྭ་མང་མཁར་སྒོར་ཟིང་ལངས་པ་དེའི་འབྱུང་རྐྱེན་གྱིས་སྐུ་གཤེགས་དམ་པ་ལྕང་སྐྱའི་དགེ་འདུན་རྒྱལ་མཚན་དང་ཆུ་སྐྱེས་དཔལ་བཟང་གཉིས་སྐབས་དེར་འཛིན་བཟུང་བྱས་པ་རེད།
ཁོང་གཉིས་འཛིན་བཟུང་བྱས་པའི་རྗེས་སུ། རེབ་གོང་ཁུལ་ཐོག་གི་བདེ་སྲུང་ལས་ཁུངས་དང་ཆོས་ལུགས་ཅུའུ་ཡི་ལས་བྱེད་ཚོས། དུས་ཚོད་ངེས་མེད་དུ་དགོན་པའི་ཚོགས་ཆེན་འདུ་ཁང་གི་ཆོས་རའི་ནང་བཙན་དབང་གིས་གྲྭ་མང་ཡོངས་ཚོགས་འདུ་རྒྱུན་དུ་སྐོང་གི་ཡོད་པ་དང་། ཉིན་ཤས་རྗེས་སུ་མཚན་མོ་ཞིག་ལ་དགེ་འདུན་གྲགས་པ་དང་། དཔལ་ལྡན། གྲགས་པ་གསུམ་ཡང་གཅིག་རྗེས་གཉིས་མཐུད་ཀྱིས་འཛིན་བཟུང་བྱས།
ཉིན་ཤས་རྗེས་ཉེན་རྟོག་པ་འགའ་སླེབས་ནས་སྐུ་གཤེགས་དམ་པ་དགེ་འདུན་རྒྱལ་མཚན་གྱི་གྲྭ་ཤག་སྔོགས་གཤེར་བྱས་ཏེ་ཁོའི་ཉལ་ཁང་གི་གནམ་ནས་སྣུན་དཔར་གྱི་དཔར་གཞི་སོགས་ཁྱེར་སོང་བ་གོ་རྒྱུ་འདུག །
བྲག་དཀར་དགེ་འདུན་གྲགས་པ་དང་། ཧོར་རྒྱའི་དཔལ་ལྡན། དུས་འཁོར་བ་གྲགས་པ་གསུམ་དུས་ཡུན་རིང་པོར་བཙོན་འཇུག་མ་བྱས་པར་ཀློད་གྲོལ་བཏང་སོང་། ཡིན་ཡང་སྐུ་གཤེགས་དམ་པ་ལྕང་སྐྱའི་དགེ་འདུན་རྒྱལ་མཚན་དང་ཆུ་སྐྱེས་དཔལ་བཟང་གཉིས་བཙོན་ཁང་ནང་རྒྱུན་རིང་བཅུག་པར་མ་ཟད། ཁྲིམས་ཐག་གཅོད་ངེས་རེད་ཟེར་བའི་སྐད་ཆ་ཞིག་གང་སར་ཁྱབ་པ་རེད། ༡༩༨༨ ལོའི་ཆོ་འཕྲུལ་སྨོན་ལམ་ཆེན་མོ་ནི་རེབ་གོང་གི་ལོ་རེའི་ནང་གི་མི་མང་འདུ་ཚོགས་ཆེ་ཤོས་དེ་ཡིན་པས། ཁུལ་ཐོག་ཏུ་ཡོད་པའི་དམག་སྒར་ནང་གི་དམག་མི་ཚོས་རྐང་གསུམ་སྦག་སྦག་སྟེང་། མེ་མདའ་འཁོར་ལོ་ཅན་མདེའུ་དང་བཅས་པ་བཞག་ནས། དྲག་གནོན་བྱེད་ཆོག་ཆོག་གིས་འཇིགས་སྐུལ་མཚོན་བྱེད་དུ་ཁུལ་ཐོག་ཡོངས་སུ་བསྐོར་བ་དོ་སྣང་ཅན་ཚང་མས་མཐོང་ཡོད།
སྐབས་ཐོག་དེར་རོང་བོ་དགོན་པའི་གྲྭ་བ་ཚོ་ཆ་རྐྱེན་ཧ་ཅང་ཞན་ན་ཡང་། དགོན་པའི་གྲྭ་བ་དང་རེབ་གོང་མི་དམངས་ཀྱིས་ཁོང་གཉིས་ཀྱི་ལྷག་བསམ་དང་བྱས་རྗེས་ལ་གོང་བཀུར་དང་གདུང་སེམས་མཉམ་སྐྱེད་ཀྱིས་བཙོན་ཁང་དུ་ལྟ་རུ་ཕྱིན་པ་རེད། བཙོན་སྲུང་བ་ཐམས་ཅད་ཀྱང་རེབ་གོང་མི་དམངས་ཀྱི་སེམས་ཚོར་ལ་ཧ་ལས་ཡོད་པ་རེད་ཟེར། སྐབས་དེ་ཤེད་ཅིག་ལ། “ལྷ་ས་ལ་ཆམ་པ་བརྒྱབ་ན། རེབ་གོང་ནས་ཨི་ཐེའུ་ཞེས་ཆམ་སྐད་རྒྱག་གི་རེད།” ཅེས་གྲགས།
སྐབས་དེར་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་སྐུ་འཚོ་བཞུགས་ཡིན་སྟབས། པཎ་ཆེན་རིན་པོ་ཆེ་ཡི་སྐུ་ཚ་རེབ་གོང་རོང་བོ་དགོན་པའི་ཨ་ལགས་གཡེར་གཤོང་ཆོས་པ་རིན་པོ་ཆེ་འཇམ་དབྱངས་དགེ་འདུན་རྒྱ་མཚོ་པེ་ཅིན་དུ་པཎ་ཆེན་རིན་པོ་ཆེར་ལོ་སར་སྐྱེལ་དུ་ཕེབས་སྐབས། རོང་པོ་དགོན་པའི་ལས་ཀྱི་སྣེ་མོ་བ་ཚོས་ད་རེས་པེ་ཅིན་དུ་ཀུན་གཟིགས་པཎ་ཆེན་རིན་པོ་ཆེར་མཇལ་སྐབས། དགེ་འདུན་རྒྱལ་མཚན་ལགས་དང་། དགེ་འདུན་དཔལ་བཟང་ལགས་གཉིས་གློད་བཀྲོལ་གཏོང་རྒྱུར་ཞུ་བ་འབུལ་རོགས་ཞེས་ཞུས་པ་ལྟར་ཞུས་སྐབས། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་ནས་ད་སྐབས་ང་རང་བོད་ཁུལ་གྱི་ཆོས་ལུགས་ཀྱི་དགེ་བསྐོས་ཡིན་ཙང་། གནས་ཚུལ་འདི་འདྲ་བྱུང་ན་ངས་ག་རེ་བྱེད་དགོས་པ་རེད། བཅའ་རྒྱུ་ལས་རྒྱུ་མང་ན་ཡག་པོ་ཡོད་པ་མ་རེད། ངས་ཐབས་ཤེས་གང་ཡོང་བྱེད་ཆོག་ཅེས་ཞལ་བཞེས་གནང་སོང་། ཞེས་ཨ་ལགས་གཡེར་གཤོང་ཚང་རོང་པོ་དགོན་པར་སླེབས་སྐབས། ལས་སྣ་ཚོར་གསུངས་སྐོར་ངའི་ཤག་གི་དགེ་རྒན་དེ་དུས་རོང་པོ་དགོན་པའི་དགེ་བསྐོས་ཟུར་བ་ཡིན་ཙང་ང་ཚོས་ཤག་ཏུ་ཇ་འཐུང་སྐབས་ཤིག་ལ་ཁོང་གིས་གསལ་པོར་གསུངས་པ་དྲན།
ཁོང་གཉིས་ལ་ཁྲིམས་ཐག་མ་བཅད་པའི་སྔོན་ལ། པཎ་ཆེན་རིན་པོ་ཆེ་ཡིས་མཚོ་སྔོན་ཟི་ལིང་སྤྱི་བདེ་ལས་ཁུངས་ཀྱི་འགོ་ཁྲིད་གཙོ་བོ་སྙན་གྲགས་ཐིན་ཀྲང་ལ་བཀའ་གནང་སྟེ། དཔའ་ངར་ལྡན་པའི་སྐུ་གཤེགས་དམ་པ་ལྕང་སྐྱའི་དགེ་འདུན་རྒྱལ་མཚན་ལགས་དང་ཆུ་སྐྱེས་དགེ་འདུན་དཔལ་བཟང་ལགས་གཉིས་བཙོན་གྲོལ་བཏང་བ་རེད།

དྲི་བ། ལོ་རབས་བརྒྱད་ཅུའི་ནང་རེབ་གོང་གི་ཟིང་སློང་ངོ་རྒོལ་ཇི་ལྟར་བྱུང་བ་ཡིན་ནམ།
ལན། ཕྱི་ལོ་༡༩༨༧ ལོའི་མཇུག་ཙམ་ལ། མདོ་སྨད་རེབ་གོང་རོང་བོ་དགོན་ཆེན་གྱི་གྲྭ་བ་གཞོན་པ་ཚོས་གླེང་གཞི་ནི། ལྷ་ས་ནས་ཁྲོམ་སྐོར་བྱས་ཏེ་བོད་མི་སེར་སྐྱ་མང་པོ་དམར་གསོད་བཏང་བའི་གནས་ཚུལ་ཡང་ཡང་གོ་རྒྱུ་འདུག །ཕྱི་ལོ་༡༩༨༧ ལོའི་དབྱར་ཁར་མདོ་སྨད་རེབ་གོང་རོང་པོ་དགོན་པའི་ནང་ཆབ་སྲིད་སློབ་གསོའི་ལས་འགུལ་ཞིག་སླེབས། དེ་ནི་རྨ་ལྷོ་ཁུལ་ཆོས་ལུགས་ཅུའུ་ཟེར་བས་དགོན་པའི་གྲྭ་བ་ཚོས་ཀྱང་ཏང་གི་རྩ་ཁྲིམས་དང་བཅའ་ཁྲིམས་ཤེས་དགོས་ཞེས་བཀའ་བཏང་བ་ཞིག་ཡིན། ལས་འགུལ་དེར་ཟླ་ངོ་གཉིས་ལྷག་འགོར་ཞིང་། ནང་དོན་གཙོ་བོ་མེས་རྒྱལ་ལ་དགའ་བ་དང་། མི་རིགས་མཐུན་སྒྲིལ་ལ་དགའ་བ་སོགས་ཡིན། སྐབས་སྔ་ཕྱི་དེ་དག་ཏུ་ཆབ་སྲིད་སྦྱངས་པ་དང་མཉམ་དུ་ཆབ་སྲིད་ཐད་ཀྱི་བཅའ་ཁྲིམས་ཁག་ས་གནས་སུ་དངོས་འབེབས་བྱེད་ཀྱི་ཡོད་མེད་ཐད་དོགས་པ་ཕྱོགས་མང་པོ་ནས་བསླངས་ཏེ། གླེང་སློང་ཡང་མང་པོ་བྱས་པ་རེད། གང་ལྟར་དེ་དུས་ཁྲིམས་ཡིག་གི་དགོངས་དོན་འཆད་ཁྲིད་བྱེད་མཁན་ཚོར་ལྡོག་ཕྱོགས་ནས་དྲི་བ་མང་པོ་དྲིས་པས་ཁོང་ཚོར་དཀའ་ལས་ཁག་པའི་གནས་ཚུལ་ཡང་མང་པོ་གླེང་རྒྱུ་ཡོད། བོད་རང་བཙན་དང་བོད་མི་རིགས་ཀྱི་ལ་རྒྱའི་ཐད་མངོན་ལྐོག་ཅི་རིགས་ནས་གླེང་སློང་ཡོང་གི་ཡོད། དེ་དང་མཉམ་དུ་དགོན་པ་དང་སློབ་གྲྭ། དམངས་ཁྲོད་བཅས་སུ་རྒྱ་གཞུང་གི་སྲིད་བྱུས་ལ་ངོ་རྒོལ་བྱེད་འདོད་ཀྱི་ཚ་རླབས་ཤིག་ཕྱོགས་མང་པོ་ན་འབར་བ་རེད།
ཕྱི་ལོ་༡༩༨༧ དང་༡༩༨༨ དེ་བཞིན་༡༩༨༩ ལོ་བཅས་སུ་བོད་ཀྱི་རྒྱལ་ས་ལྷ་སར་དགེ་འདུན་པ་དང་བཙུན་མ། སློབ་གྲྭ་བ་བཅས་ཀྱིས་སྣེ་ཁྲིད་དེ་རྒྱ་གཞུང་གི་སྲིད་བྱུས་ལ་ངོ་རྒོལ་གྱི་ཚ་རླབས་འཕྱུར་བ་མ་ཟད། ༡༩༨༩ ཟླ་༣ ཚེས་༥ དང་༦ ཉིན་ལྷ་སར་བཙུན་མ་ཚོས་སྣེ་ཁྲིད་ནས་སྔ་ལོའི་གསུམ་ལྔའི་ཞི་རྒོལ་ལས་འགུལ་སྤེལ་ནས་ལོ་གཅིག་འཁོར་བར་དྲན་གསོ་ཞུ་བ་དང་ཆབས་ཅིག་ཞི་རྒོལ་རྔམ་སྟོན་ཁྲོམ་སྐོར་བྱས།
ཕྱི་ཟླ་༥ ཚེས་༡༤ དང་༡༥ ཉིན་གཉིས་ཀར་བོད་ལྗོངས་སློབ་གྲྭ་ཆེན་མོའི་སློབ་མ་ཆིག་སྟོང་སྐོར་གྱིས་སློབ་གྲྭ་ནས་ཐོན་ཏེ་ངོ་རྒོལ་ཁྲོམ་སྐོར་ཡར་ལངས་བྱས།
ཕྱི་ཟླ་༥ ཚེས་༤ ཉིན་ཟི་ལིང་གྲོང་ཁྱེར་དུ་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་མི་སློབ་ཕྲུག་བརྒྱ་ཕྲག་ཁ་ཤས་ཀྱིས། རྒྱལ་ས་ལྷ་སར་དམག་དོན་གྱི་ཁྲིམས་གཞི་བཀག་བསྡོམས་བྱས་པ་དེ་དག་འཕྲལ་དུ་ཕྱིར་འཐེན་དགོས་པའི་ཡར་ལངས་བྱས། 
ཕྱི་ཟླ་༥ ཚེས་༢ ཉིན་ལན་གྲུ་གནམ་གཤིས་སློབ་གྲྭར་ཡོད་པའི་བོད་མི་སློབ་ཕྲུག་དང་། རྒྱའི་སློབ་ཕྲུག་དབར་འཁྲུག་རྩོད་བྱུང་། གནས་ཚུལ་དེ་ཟི་ལིང་ནས་ཤེས་རྗེས་ཚེས་༡༡ ཉིན་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་དང་། སློབ་གསོ་སློབ་གྲྭ་ཆེན་མོ། མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོ་བཅས་ཀྱི་སློབ་མ་བརྒྱ་ཕྲག་མང་པོ་མེ་འཁོར་བརྒྱུད། ལན་གྲུ་རུ་སོང་ནས་ནུབ་བྱང་མི་རིགས་སློབ་ཆེན་གྱི་བོད་རིགས་སློབ་མ་དང་མཉམ་སྦྲེལ་གྱིས་གནད་དོན་ངན་པ་དེ་ཐག་གཅོད་བྱེད་དགོས་ཀྱི་སྐད་འབོད་བྱས་པས་དེ་གའི་འགན་འཁུར་བས་དང་ལེན་བྱེད་དགོས་བྱུང་བ་རེད་ཟེར།
ལོ་འདིར་མདོ་སྨད་ནས་མདོ་དབུས་ཁམས་གསུམ་གྱི་བོད་མི་སློབ་གྲྭ་ཆེན་མོའི་སློབ་ཕྲུག་མཉམ་སྦྲེལ་གྱིས་ཁྲོམ་སྐོར་བྱས་པ་འདིས། བོད་ས་ཕྱོགས་མང་པོ་ནས་རྒྱ་རྒོལ་ལས་འགུལ་ལ་ངར་ཤུགས་བསླངས་ཡོད། 

ཕྱི་ལོ་༡༩༨༩ ཟླ་༥ པའི་ནང་པེ་ཅིན་དང་། ཧྲང་ཧེ། ཀོང་ཀྲུའུ། ཁྲིན་ཏུའུ། ལན་གྲུ། ཧར་པིན། ཁྲང་ཁྲིན། ཏཱ་ལན། ཟི་ཁྲོན་སོགས་རྒྱ་ནག་གི་གྲོང་ཁྱེར་མང་པོའི་ནང་དམངས་གཙོའི་ལས་འགུལ་སྤེལ་ནས་ཡར་ལངས་བརྒྱབ་སྟེ། ཉེན་རྟོག་པ་དང་མི་དམངས་དབར་འགལ་ཟླ་བྱུང་ནས་ཤི་རྨས་ཀྱི་གནས་ཚུལ་རིམ་པ་མང་པོ་བྱུང་བ་རེད།
ཕྱི་ལོ་༡༩༨༩ ཟླ་༤ ཚེས་༢༧ ཉིན་གནམ་བདེ་སྒོ་མོ་ཆེའི་མདུན་ཐང་དུ་པེ་ཅིན་སློབ་ཆེན་གྱིས་གཙོས་པའི་སློབ་མ་ཚོས་རྔམ་སྟོན་ཁྲོམ་སྐོར་བྱས། ཕྱོགས་མང་པོ་ནས་རྒྱ་གཞུང་གི་སྲིད་བྱུས་ལ་ངོ་རྒོལ་རྒྱག་པ་ནི། བོད་ཀྱི་ས་ཁུལ་གཅིག་པུ་མ་ཡིན་པར་རྒྱ་ནག་ནང་ལོགས་སུ་ཡང་དེ་ལྟར་ངོ་རྒོལ་རྒྱག་བཞིན་ཡོད་པས་ལ་རྒྱ་ཅན་ཚོ་རང་བཞིན་གྱིས་འབར་བཞིན་ཡོད།
 


དྲི་བ། ཁྱེད་རང་འཛིན་བཟུང་བྱས་པའི་སྔ་ཕྱིའི་བརྒྱུད་རིམ་ཞིག་གསུང་དང་།



ལན། གོང་དུ་བརྗོད་པ་ལྟར་ཕྱོགས་མང་པོ་ནས་ངོ་རྒོལ་གྱི་ཚ་རླབས་འཕྱུར་བཞིན་པའི་སྐབས་དེར། རེབ་གོང་རོང་བོ་དགོན་ཆེན་དུ་དུས་ཆེན་ཤིན་ཏུ་མང་ན་ཡང་། ཧོར་ཟླ་༤ ཚེས་༡༥ དང་། ཕྱི་ཟླ་༥ ཚེས་༡༩ ཉིན་དུས་ཆེན་གསུམ་འཛོམས་སུ་བརྩིས་ཏེ། མང་ཚོགས་རྣམས་དགོན་པའི་ནང་དུ་སླེབས་ནས་དགེ་འདུན་ལ་བསྙེན་བཀུར་དང་། མཆོད་མཇལ། བཞི་པའི་དམ་བཅའ་ཆེན་མོར་མཇལ་རྒྱུ་དང། ཨ་མཆོད་ཚོར་གྲོ་འབྲས་དང་བག་ལེབ་དམར་པོའི་སྐལ་སྐྱེལ་རྒྱུ་སོགས་སྐྱ་སེར་གཉིས་ཀ་འདུ་ཚོགས་ཆེ་བའི་ཉིན་མོ་ཞིག་ཡིན།
ངའི་དྲན་གསལ་ལ། དགོན་པའི་ཞོགས་ཚོགས་གྲོལ་བ་དང་དགེ་འདུན་པ་རྣམས་ཆོས་ར་ནས་དགོན་པའི་མཐའ་ལ་ཕེབས་ཏེ་སྐད་འབོད་ཁྲོམ་སྐོར་བྱེད་རྩིས་བྱས། ཉིན་དེར་མི་ཚོགས་ཆེ་བས་ལོ་ལྟར་དགོན་པའི་ནང་དཔེ་ཆ་བ་རྩེ་གྲས་བཞི་ལྔ་ཙམ་ཉིན་དེར་རྟགས་གསལ་གཏོང་མཁན་དུ་འདེམས་ཀྱི་ཡོད་པ་ལྟར། ང་རང་ཐེ་བའི་གྲྭ་བ་བཞི་ལྔ་ཞིག་དེའི་ཉིན་མོར་རྟགས་གསལ་གཏོང་མཁན་དུ་དགེ་བསྐོས་ནས་ཚགས་བཙུགས་ཡོད། དེ་སྔོན་༡༩༨༧ ལོར་ཁྲོམ་སྐོར་བྱ་འཆར་ཚང་མའི་ནང་མཉམ་ཞུགས་བྱས་ཀྱང་། དངོས་སུ་ལག་བསྟར་བྱེད་སྐབས་དགོན་པའི་ལས་སྣ་ཚོས་ཤེས་ཏེ་བཀག་པ་དང་། རེས་དེར་ཁྲོམ་སྐོར་ལ་འགྲོ་དགོས་མིན་ཆ་མ་འཚལ་བའི་སྐབས་དེར། དགེ་འདུན་པ་ཕལ་མོ་ཆེ་གཞུང་ལམ་དུ་ཐོན་ནས་སྐད་འབོད་འགོ་ཚུགས་སོང་། སྐད་འབོད་དེས་ང་རང་ལ་ཡང་ངར་ཤུགས་སམ། ལ་རྒྱ་ལངས་ཏེ་མི་ཚེ་འདིའི་ནང་ཐེངས་དང་པོར་དངོས་སུ་ཁྲོམ་སྐོར་སྐད་འབོད་དུ་མཉམ་ཞུགས་བྱས་པ་ཡིན། དེ་ནི་རེབ་གོང་དུ་ལོ་རྒྱུས་ཐོག་དགེ་འདུན་པས་ཁྲོམ་གཞུང་དུ་ཐོན་ནས་ངར་ཤུགས་ཆེན་པོས་ཁྲོམ་སྐོར་བྱས་པ་ཐེངས་དང་པོ་ཡིན་ངེས།

དེ་དུས་ང་རང་ལོ་༢༠ ཡས་མས་ཙམ་ཡིན་པས་སྐབས་དེའི་ཚོར་སྣང་ནི་བཤད་མི་ཐུབ་པ་ཞིག་ཡིན། འབོད་སྒྲ་ནི། “ལྷ་ས་ལ་དྲག་གནོན་བྱས་མི་ཆོག །རང་ས་གཞན་བདག་བྱས་མི་ཆོག །མི་རིགས་ས་གནས་རང་སྐྱོང་གི་སྲིད་བྱུས་དངོས་འབེབས་བྱེད་དགོས།” ཟེར་བ་སོགས་སྐད་འབོད་ཕྱོགས་གཅིག་གཅིག་གྱུར་ཡིན་ནའང་ཁ་ཤས་འདྲ་མི་འདྲ་རྒྱག་པ་དང་མཉམ་དུ་ལག་པའི་ཁུ་ཚུར་ཡར་བསྒྲེངས་པ་སོགས་བྱས་ཏེ། ཟང་ཟིང་དང་བཅས་མདུན་དུ་བསྐྱོད་སྐབས་མང་ཚོགས་རྣམས་ཀྱང་དགེ་འདུན་པའི་རྗེས་སུ་འབྲངས་ནས་ཁ་ཤས་ཀྱིས་སྐད་འབོད་བྱེད་པ་དང་། བསྙུང་གནས་ལ་གནས་པ་རྣམས་ཀྱིས་མ་ཎི་པད་དབྱངས་བྱས་ཏེ། ཚ་ཚ་འུར་འུར་གྱིས་རྒྱལ་ཐང་ཁྲོམ་གཞུང་གི་ཚལ་བཙོང་སའི་སུམ་མདོ་ནས་ཡར་དཀྱོགས་ཏེ། གཉན་ཐོག་ལམ་ལ་ཐོན་པ་དང་། དེ་ནས་ཤར་རྒྱག་ཁུལ་སྲིད་གཞུང་གི་ཁང་བརྩེགས་ཀྱི་ར་སྐོར་ནང་དུ་སྐད་འབོད་དང་མཉམ་དུ་ལག་པའི་ཁུ་ཚུར་གནམ་ལ་བསྒྲེངས་ནས་ཟང་ཟིང་འུར་འུར་གྱིས་སླེབས་པའི་བར་ཆུ་ཚོད་གཅིག་ལྷག་ཙམ་ཞིག་འགོར་ཞིང་དགེ་འདུན་པའི་སྐད་འབོད་བྱེད་པ་དང་། མང་ཚོགས་ཚོས་མ་ཎི་པད་དབྱངས་གཞི་གཅིག་ཏུ་འདྲེས་ནས་ཚ་ཚ་འུར་འུར་ངང་དགེ་འདུན་པ་རྣམས་ར་སྐོར་གྱི་ནང་དང་། མང་ཚོགས་རྣམས་ར་སྐོར་གྱི་ཕྱི་ནས་མ་ཎི་པད་དབྱངས་བྱས་པ་རེད། ཁུལ་ཐོག་ཏུ་རེབ་གོང་ཕྱོགས་ཡར་མར་ནས་སླེབས་པའི་མི་མང་རྣམས་རིམ་བཞིན་ལས་འགུལ་དེའི་ནང་མཉམ་ཞུགས་བྱས་པས་མང་ཚོགས་རྣམས་རིམ་བཞིན་ཇེ་མང་དུ་སོང་ཡོད། ང་ཚོ་ཁུལ་སྲིད་གཞུང་ཁང་བརྩེགས་ཀྱི་མདུན་ཐང་དུ་ཐོན་པའི་ཟང་ཟིང་ཚ་བོ་དེའི་སྐབས། ལས་བྱེད་ཚོས་ཁང་བརྩེགས་ཀྱི་ཤེལ་སྒོ་ནས་མར་ལྟ་བཞིན་ཡོད་པ་དང་། གང་འཚམ་ཞིག་འགོར་མཚམས་སྲིད་གཞུང་གི་འཐུས་ཚབ་ལྟ་བུར་གཉན་ཐོག་སྡེ་བ་ནས་ཡིན་པའི་བློ་བཟང་ཟེར་བ་ཁོང་དེ་དུས་ཁུལ་སློབ་གསོ་ཅུས་ཀྱི་ཅུས་ཀྲང་ཡིན་ནམ་གང་ལྟར་ཁོང་གིས་དེ་དུས་དམག་ལྭ་འདྲ་བོ་ཞིག་གོན་འདུག །འགོ་ཁྲིད་ཁོང་དང་མཉམ་དུ་རོགས་པ་ཁ་ཤས་སླེབས་སོང་བར། སྐད་འབོད་ཤུགས་ཆེ་རུ་ཕྱིན་སོང་། སྐབས་དེར་འགོ་ཁྲིད་བློ་བཟང་ཟེར་བ་ནས། ཨ་ཁུ་ཚོ་སྐད་འབོད་མ་བྱེད་དང་། སྐད་འབོད་མ་བྱེད་དང་། ཁྱེད་ཚོར་ཅི་ཞིག་བཤད་ཀྱི་ཡོད་ན་ང་ཚོས་གྲོས་བྱས་ཆོག་ཟེར་ནས་ལག་པས་སྐད་འབོད་མི་བྱེད་པའི་ལག་བརྡ་ཡང་ཡང་བཏང་བས་རིམ་བཞིན་སྐད་འབོད་མཚམས་བཞག །སྐབས་དེར་ང་རང་ཡང་ཡོད། ཆུ་སྐྱེས་དགེ་འདུན་བསམ་གཏན། རིན་ཆེན་གྲགས་པ་སོགས་དགེ་འདུན་པ་ཁ་ཤས་ནས་སྐད་འབོད་ཀྱི་ནང་དོན་དང་། དགོན་པའི་ས་ཐོག་ཏུ་ཡོད་པའི་ཙི་ཀྲི་ཏོས་ཞེས་པའི་ས་ཆ་དང་། དགེ་ཐོན་སློབ་གྲྭ །དེ་བཞིན་ཅོག་ཙེ་ལ་ཁའི་ས་ཆ། གལ་ཆེ་ཤོས་དགོན་པའི་ནང་དུ་རྒྱ་ཁང་མང་པོ་བརྒྱབ་སྟེ་རྒྱ་མའི་ཁྱིམ་ཚང་བསྡད་ཡོད་པ་རྣམས་དགོན་པའི་ས་ཆ་ཡིན་པས་ཕྱིར་དགོན་པར་སྤྲོད་དགོས། དེ་ལྟར་མ་སྤྲད་ན་རྒྱལ་ཁབ་ཀྱི་ཆོས་དད་རང་དབང་གི་སྲིད་བྱུས་ས་གནས་སུ་འགོ་ཁྲིད་ལས་བྱེད་པས་ལག་བསྟར་བྱེད་ཀྱི་མི་འདུག །ཁུལ་ཐོག་གི་རྒྱ་ཡི་སློབ་གྲྭ་དང་བོད་པའི་སློབ་གྲྭ་ལ་མཐུན་རྐྱེན་གྱི་ཁྱད་པར་བཏོད་མི་ཆོག །ལྷ་སའི་བོད་རིགས་སྤུན་ཟླ་རྣམས་ལ་དྲག་གནོན་བྱས་མི་ཆོག །དེ་ལྟར་བྱས་ན་མི་རིགས་དབྱེ་འབྱེད་བྱེད་ཀྱི་འདུག་སོགས་བཤད་པ་གསལ་པོར་དྲན་གྱི་འདུག ། ཁོ་ཚོས་ཉན་ཁུལ་གྱིས་ཐོ་འདྲ་བརྒྱབ་སོང་། སྐབས་དེར་ང་ཚོས་མཉམ་མ་བཞག་པ་མ་གཏོགས། ཁུལ་སྲིད་གཞུང་གི་ཁ་ཐུག་གི་གཞུང་ལམ་ཕར་ཁའི་ཁང་བརྩེགས་ཀྱི་སྒེའུ་ཁུང་ནས་ང་ཚོ་བརྙན་ལེན་གྱི་ཡོད་པ་ཤེས་མ་སོང་ཡང་ཕྱིས་སུ་ཆ་ཚང་བརྙན་བླངས་པ་ཕྱི་ཉིན་རྨ་ལྷོའི་གསར་འགྱུར་བརྙན་འཕྲིན་དུ་བསྟན་འདུག །
གང་ལྟར་བསམ་ཚུལ་དང་དགོས་འདོད་མཐའ་དག་བཤད་ཚར་བའི་རྗེས་སུ་སྐྱ་སེར་གཉིས་ཀ་རང་རང་སར་ཕྱིན་པ་རེད། ཤག་ཏུ་སླེབས་ན་ཡང་ད་དུང་སྐད་འབོད་ཀྱི་ཚོར་སྣང་མི་ཡལ་ཞིང་། ངས་གྲ་སྒྲིག་གང་ཡང་མེད་པའི་ཐོག་ནས་གནད་འགག་གི་སྐབས་སུ་མདུན་དུ་ཐོན་ནས་བསམ་འཆར་ཁ་ཤས་བཤད་པས་ཡིད་ཚིམ་པ་ཞིག་བྱུང་ནའང་། ཕྱོགས་གཅིག་ནས་གསང་ལས་ཀྱི་སྤྱི་བདེ་མི་སྣས་ནམ་ཞིག་ལ་རྣམ་པ་གང་ཞིག་གི་ཐོག་ནས་འཛིན་བཟུང་བྱས་ཡོང་བསམས་ནས་དངངས་སྐྲག་ཀྱང་ཡོང་གི་འདུག་ལ། སྔ་ས་ནས་བསམ་བློའི་ནང་གྲ་སྒྲིག་བྱེད་ཁུལ་བྱས་པ་ཡིན། ཉིན་དེའི་ཕྱི་ཉིན་ཡིན་ནམ་དགོང་མོ་ཞིག་ལ་ཁུལ་སྲིད་གཞུང་གི་ར་སྐོར་ནང་བསམ་འཆར་བཤད་མཁན་ང་དང་། ཆུ་སྐྱེས་དགེ་འདུན་བསམ་གཏན། རིན་ཆེན་གྲགས་པའམ་བསྟན་འཛིན་ཆོས་རྒྱལ་དང་། མདོ་བ་བསྟན་འཛིན་སོགས་སྐབས་དེར་བསམ་འཆར་བཤད་མཁན་མི་ཁ་ཤས་ཀྱི་མགོ་ལ་དམར་རྟགས་འཐེན་ནས་རྨ་ལྷོ་ཁུལ་གྱི་བརྙན་འཕྲིན་ནང་རྨ་ལྷོའི་གསར་འགྱུར་ཞེས་པའི་ནང་བསྟན་སོང་ཞེས་ཉིན་དེའི་མཚན་མོར་ངའི་ཉེ་སྤུན་ལས་བྱེད་ཅིག་ངའི་གྲྭ་ཤག་ཏུ་སླེབས་ནས་ཕལ་ཆེར་འཛིན་བཟུང་བྱེད་ངེས་རེད། དེ་དགོང་བརྙན་འཕྲིན་གསར་འགྱུར་ནང་བསྟན་པའི་ཁྲོམ་སྐོར་བའི་གྲས་ནས་ཁྱེད་རང་ཐེ་བའི་མི་ཁ་ཤས་ཀྱི་མགོ་ལ་དམར་གོར་འཐེན་འདུག་པར་མ་ཟད། ཁྱེད་རང་གིས་སྐད་ཆ་ཡང་བཤད་ཀྱི་འདུག །སྡོད་མི་ཚུགས་པར་དེ་འདྲ་བྱས་ན་ད་འཛིན་བཟུང་བྱེད་ངེས་རེད། རྒྱ་ལག་ཏུ་ཤོར་མི་ཉན་པའི་ཅ་དངོས་འདྲ་ཡོད་ན་གཞན་དུ་སྦས་བསྐུང་བྱེད་དགོས་ཞེས་བཤད་བྱུང་།

དྲི་བ། ཁྱེད་རང་ཕྱི་ལོ་༡༩༨༩ ལོར་འཛིན་བཟུང་བཀག་ཉར་ཇི་ལྟར་བྱས་མིན་ཞིག་གསུང་དང་།

ལན། དེའི་རྗེས་ཟླ་བ་གཅིག་ཙམ་འགོར་རྗེས་གྲྭ་བ་གང་འཚམ་ཞིག་མཚན་གུང་ལ་སྤྱི་བདེ་མི་སྣ་མང་པོ་སླེབས་ནས་འཛིན་བཟུང་བྱས་པའི་གནས་ཚུལ་རིམ་པར་ཐོན། སྐབས་དེར་འཛིན་གྲྭ་ཅུང་མཐོ་བའི་དགེ་འདུན་པ། དཔེར་ན། ཚོགས་ཆེན་འདུ་ཁང་གི་ཉེ་འགྲམ་གྱི་རྒྱ་ཁང་དུ་བསྡད་པ་མང་པོ་ཞིག་མཚན་མོ་གཅིག་ལ་སྡེབ་གཅིག་ཏུ་འཛིན་བཟུང་བྱས། རྒྱུན་རིང་པོར་བཀག་པ་ནི། ཆུ་སྐྱེས་དགེ་འདུན་བསམ་གཏན་དང་། དེང་སང་ཨོ་སི་ཊི་ལེ་ཡར་གནས་སྡོད་ཆབ་སྲིད་བཙོན་ཟུར་བསྟན་འཛིན་ཆོས་རྒྱལ་ལམ་རིན་ཆེན་གྲགས་པ། མདོ་བའི་བསྟན་འཛིན། སེང་གཤོང་འཇིགས་མེད་བསྟན་འཛིན་སོགས་རེད། ང་རང་ཡང་འཛིན་བཟུང་བྱ་ངེས་བསམས་ནས་མཚན་མོ་རྟག་པར་གཟབ་གཟབ་བྱས་པ་ཡིན། གང་ཡིན་ཟེར་ན། སྐབས་དེར་གང་བྱུང་འཛིན་བཟུང་བྱེད་ཀྱི་ཡོད་པ་རེད། འོན་ཀྱང་དུས་སྐབས་དེར་འཛིན་བཟུང་བྱས་མ་སོང་། དེ་ནས་ཉི་མ་རིམ་པར་འགྲོ་བཞིན་པ་དང་། པེ་ཅིན་གྱི་དྲུག་པའི་ཚེས་བཞིའི་དོན་རྐྱེན་སོགས་ཕྱོགས་མང་པོ་ནས་ངོ་རྒོལ་སྐད་འབོད་བྱས་སྐོར་ཡང་ཡང་རྣ་ལམ་དུ་ཡོང་གི་ཡོད། (ཤེས་བྱ་དུས་དེབ་ནང་འཁོད་པ་ལྟར་ན། ཟླ་༦ པའི་ཚེས་༤ གནམ་བདེ་སྒོ་མོ་ཆེའི་དོན་རྐྱེན་ནང་། ཐང་ཆེན་དང་ཐང་ཆེན་གྱི་ཤར་ནུབ་ཁྲང་ཨན་སྲང་ལམ་གྱི་ཁྲོམ་གཞུང་དང་གཞུང་སྒོའི་བར་མི་གྲངས་༨༧༢༠ ཙམ་བསད་ཡོད་པ་དང་། ༦ ཚེས་༣ ནས་ཚེས་༩ བར་སློབ་ཕྲུག་དང་གྲོང་མི་བསྡོམས་གྲངས་༢༧༨༩༠ རྨས་ཡོད་འདུག།)

སྐབས་དེར་ཕྱོགས་མང་པོ་ནས་རྒྱ་གཞུང་གི་ཆབ་སྲིད་ལ་གཡོ་འགུལ་ཆེན་པོ་ཡོང་བཞིན་ཡོད་ལ། གླེང་སློང་ཡང་སྣ་ཚོགས་བྱེད་ཀྱི་ཡོད། དུས་ཚོད་རིམ་སོང་གིས་དོན་དག་དེ་དག་རྙིང་པ་ལྟ་བུར་གྱུར་ནས་ཟླ་བ་གཉིས་འགོར་ཏེ། ཧོར་ཟླ་༦ ཚེས་༡༥ ཕྱི་ཟླ་༧ ཚེས་༡༧ ཉིན་དབྱར་གནས་ཁས་བླངས་ཤིང་། ཟླ་བ་དེའི་མཇུག་ཙམ་ལ་དགེ་འདུན་པ་རྣམས་ས་དཀྱིལ་གྲོང་སྡེའི་ཁྱིམ་ཚང་ཞིག་ཏུ་དབྱར་གནས་གུང་ཚིགས་ལ་ཕེབས་ནས་འདོན་པ་འདོན་བཞིན་ཐུག་འདྲེན་པ་རྒྱུགས་བཞིན་པའི་སྐབས་སུ། ངའི་ཆོས་གྲོགས་ཡག་པོ་ཞིག་ཡོད་པ་དེས་ཐུག་ཟེའུ་ཁྱེར་ནས་ཤར་རྒྱག་ངའི་མདུན་དུ་ཐོན་ནས་ཁྱེད་རང་འཛིན་བཟུང་བྱེད་དུ་སླེབས་འདུག །བསམ་བློའི་ནང་གྲ་སྒྲིག་ཡོད་པ་བྱོས། སྡོད་ཤག་ཏུ་མཐོང་མི་ཉན་པའི་ཅ་དངོས་འདྲ་ཡོད་ན་ང་སོང་ནས་སྦས་ཆོག་ཟེར། ངས་སྣང་མེད་ལྟ་བུར་སྒོ་ལྕགས་ཀྱི་ལྡེ་མིག་ཁོའི་ལག་ཏུ་བཞག་སྟེ། “ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་”ཞེས་པའི་རྒྱལ་བའི་རང་རྣམ་དང་། གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན་ཁ་ཤས། ཞྭ་སྒབ་པའི་སྲིད་དོན་རྒྱལ་རབས་འདི་དང་དེར་ཡོད། ཚོགས་མ་གྲོལ་གོང་ཁྱེད་རང་ལམ་བསྐོར་ནས་ཕྱིན་ཏེ། ས་གཞན་ཞིག་ལ་སྦས་རོགས་ཞུས་པ་ཡིན། ཚོགས་གྲོལ་བ་ན། གསང་ལས་སྤྱི་བདེ་མི་སྣ་ཤ་བོ་ཚེ་རིང་དང་། རྒྱ་མཚོ་གཉིས་ཀྱིས་ལྭ་བ་དཀྱུས་མ་ཞིག་གོན་ནས་དེར་སྒུག་ནས་བསྡད་འདུག །བློ་བཟང་སྙན་གྲགས་ག་བ་འདུག་ཅེས་མི་ལ་འདྲི་བརྩད་བྱེད་ཀྱི་འདུག །དེ་ནས་ཅང་མ་འགོར་བར་གཅན་ཚ་ནས་ཡིན་པའི་ངའི་ཆོས་གྲོགས་འཇམ་དབྱངས་ཆོས་འཕེལ་ལགས་དང་ངེད་གཉིས་ལུག་ཁྱུ་ནས་ལུག་བཟུང་བ་བཞིན། སོ་སོའི་སྡོད་ཤག་ཏུ་ཡང་འགྲོ་མ་བཅུག་ཅིང་། དབྱར་བྱིན་རླབས་ཀྱང་བྱེད་མ་བཅུག་པར་མོ་ཊ་ཆུང་བ་ཞིག་ལ་བཞག་སྟེ། བཀྲ་བཀྲི་གདོང་སྣའམ་བཀྲ་ཤིས་གདོང་སྣའི་རོང་བོ་རྒྱལ་ཐང་གི་ཕྱོགས་སུ་ཡོད་པའི་བཙོན་ཁང་དེའི་ནང་ཁྲིད་དེ་ལྷས་དཀྱིལ་ཙམ་ནས་མོ་ཊ་བཀག་ཅིང་། ངེད་གཉིས་མོ་ཊའི་ནང་དུ་བཞག་སྟེ་ཉེན་རྟོག་པ་གཉིས་བུད་སོང་།

ཕལ་ཆེར་ངེད་གཉིས་ཆུ་ཚོད་གཅིག་ཙམ་ལ་བཞག་སོང་། དེ་ནས་སྤྱི་བདེ་མི་སྣ་ཁ་ཤས་སླེབས་ནས་ངེད་གཉིས་རང་རང་ས་ལ་ཁྲིད་དེ་ཁང་པ་རེ་ལ་ཁྲིད་ཕྱིན་སོང་། སྔར་བཞིན་ཁང་པའི་ནང་བཞག་རྗེས་ཡང་བསྐྱར་ཁོང་ཚོ་ཕྱི་ལོགས་སུ་བུད་སོང་། ཆུ་ཚོད་གཅིག་ལྷག་ཙམ་གྱི་རྗེས་སུ་ས་ཡང་རུབ་སྟེ། ཁང་པ་ཞིག་གི་ནང་ཁྲིད་ནས་ད་གིན་མོ་ཊའི་ནང་ག་རེ་ལབ་པ་དང་། ཁང་པའི་ནང་ག་རེ་བྱས་པ་སོགས་བཤད་ནས་ངར་བ་རེད་ཅེས་སོགས་ཞེད་སྣང་བསྐུལ་བྱུང་། ཡིན་རྒྱུ་ནི་མོ་ཊའི་ནང་ཆུ་ཚོད་གཅིག་ཙམ་བཞག་པ་དང་། ཁང་པའི་ནང་ཡང་དེ་ལྟར་བཞག་པ་ནི་སྐད་ཆ་གང་བཤད་དང་རྣམ་འགྱུར་གང་སྟོན་གསང་བའི་ཐོག་བརྙན་དང་སྒྲ་འཇུག་གང་རུང་ཞིག་བཞག་ཡོད་པ་ཁོ་ཚོས་སྐད་ཆས་གསལ་པོ་སྟོན་གྱི་འདུག །དེ་ནས་ལག་མཐིལ་དང་མཛུབ་གུ་སོགས་རེ་རེ་བཞིན་སྣག་ཚ་ནག་པོའི་ནང་དཔར་བརྒྱབ་ཅིང་། ཁང་པ་གཞན་ཞིག་ཏུ་ཁྲིད་དེ་སྐྱོན་ཆ་ངོས་ལེན་བྱོས་ཟེར། སྐྱོན་ཆ་ཅི་ཞིག་ལབ་པར། སྐྱོན་ཆ་མེད་ན་འདིར་ཁྲིད་ཡོང་གི་མ་རེད། སོ་སོས་བསམ་བློ་བཏང་ནས་ངོས་ལེན་བྱས་ན། བཙོན་འཇུག་ཁྲིམས་ཐག་གཅོད་ཀི་མ་རེད་སོགས་ཟེར་ནས་གནས་ཚུལ་ཁ་ཤས་ཤིག་དྲིས་ནས་བུད་སོང་། གང་འཚམ་ཞིག་ནས་གད་རྒྱག་མཁན་ཡིན་ཁུལ་གྱི་ཉེན་རྟོག་པ་ཉམ་ཆུང་དཔའ་ལུང་གི་སྐད་རྒྱག་མཁན་ཞིག་ཡོང་སྟེ། ཨ་ཁུ་རང་གིས་ལས་ཀ་ག་རེ་བྱས་ནས་འཛིན་བཟུང་བྱས་པ་རེད། ང་འདིར་ནང་གཙང་མ་བཟོ་མཁན་ཡིན། སྐྱོན་ཆ་གང་ཡོད་ན་ཁ་ཐུག་ཁས་ལེན་བྱས་ན་གུ་ཡངས་ཡོད་པ་རེད། དེ་མིན་ཁྲིམས་གཅོད་བྱས་ཏེ་ཁ་ནས་ཤོར་དགོས་ཐུག་ན་བཙོན་ཁང་ནས་མྱང་གི་རེད་འདྲ་ཟེར་བྱུང་། ང་ལ་སྐྱོན་ཆ་གང་ཡང་མེད་ཅེས་ལབ་པར། སྐྱོན་ཆ་མེད་ན་ཉེན་རྟོག་པས་འཛིན་བཟུང་བྱེད་ཀི་མ་རེད། ཁྱོད་ལོ་ན་གཞོན་གཞོན་རེད། སྐྱོན་གང་བྱས་པ་ཁས་བླང་ན་ཡག་གི་རེད་སོགས་འདྲ་མིན་མང་པོ་ཞིག་བཤད་དེ་བུད་སོང་། ཡིན་རྒྱུ་ནི་ཁོ་རང་ཡང་ཉེན་རྟོག་པ་གད་རྒྱག་མཁན་དུ་བརྫུས་པ་ཞིག་ཡིན་པ་ཤེས་སོང་། མཚན་གུང་ཞིག་ལ་ངའི་ཆོས་གྲོགས་ཁ་ཤས་ཀྱིས་བློ་མ་བདེ་ནས་ས་ཐག་རིང་པོ་དེ་འདྲ་ཞིག་ལ་ཉལ་ཆས་ཁྱེར་ཡོང་སྟེ། བཙོན་ཁང་གི་སྒོ་འགྲམ་ནས་ང་རང་བཀག་ཡོད་ས་དེར་བསྐུར་བ་འབྱོར་བྱུང་། གནས་ཚུལ་འདི་ཚོ་གླེང་སྐབས་ཆོས་གྲོགས་དེ་ཚོ་དྲན་ལྷང་ལྷང་བྱེད་ཀྱི་འདུག། ཉལ་ན་འགྲིག་གི་ཡོད་ན་བསམ་པའི་སྐབས་དེར་སྤྱི་བདེ་མི་སྣ་གཉིས་སླེབས་ནས་སྐྱོན་ཆ་ངོས་ལེན་བྱོས་ཟེར། ང་ལ་སྐྱོན་ཆ་མེད་ལབ་པར་གློག་རྒྱུགས་ལ་མེ་སྟག་འཆར་བཅུག་སྟེ། མདུན་ཅོག་སྟེང་བཞག་ནས་ཁྱོད་ཀྱིས་རྣམ་འགྱུར་ཡག་པོ་བྱོས་ནས་ཁས་ལོངས། ང་ཚོས་ཀྱང་རང་ལ་བཙན་པོ་མི་བྱེད། སྐྱོན་ཁས་བླངས་ན་མགྱོགས་པོར་གློད་ཀི་རེད།
དེ་མིན་དཀའ་ལས་ཡོད་པ་རེད་སོགས་ཁ་འཇམ་པོས་སློབ་གསོ་འདྲ་གཏོང་གི་འདུག །གད་པར་བརྫུས་པའི་ཉེན་རྟོག་པ་དེས་བཤད་པ་དང་གཅིག་པ་རང་ལབ་སོང་། དོན་དངོས་ངས་གང་ཞིག་ཁས་ལེན་དགོས་མིན་མི་ཤེས་ལ། སེམས་སུ་ཤར་བ་ནི། ཁྲོམ་སྐོར་སྐད་འབོད་དུ་དགེ་འདུན་པ་མང་ཆེ་ཤོས་ཕྱིན་པས་གནས་སྟངས་གཅིག་པ་རེད། ང་རང་འཛིན་བཟུང་བྱས་པ་ནི། ཁྲོམ་སྐོར་སྐབས་སྲིད་གཞུང་གི་ར་སྐོར་ནང་རྒྱ་གཞུང་གི་འགོ་ཁྲིད་ཚོའི་མདུན་དུ་ཐོན་ནས་བསམ་འཆར་བཤད་མཁན་གྱི་གྲས་ཡིན་པས་དེའི་དབང་གིས་ཡིན་ངེས་བསམ་ནས་སྐབས་དེར་བསམ་འཆར་བཤད་པ་ཡིན་ཞེས་བཤད་པར། དེ་མ་ཡིན་པའི་ནག་ཉེས་ག་རེ་བསགས་པ་ཚང་མ་ཤོད་ཟེར།

དེ་མིན་གཞན་བཤད་རྒྱུ་མེད་ལབ་པར། འོ་ན་ད་ཁྱེད་རང་ཞག་མ་ཁ་ཤས་ལ་འདུག་དགོས་རྒྱུ་རེད་ཟེར་ནས། འབྲི་དེབ་ཅིག་བླངས་ཏེ། ཁྲོམ་སྐོར་མ་བྱས་སྔ་ཉིན་ཧོར་ཟླ་༤ ཚེས་༡༤ དང་༡༥ ནས་རིམ་བཞིན་འགོ་བཙུགས་ཏེ་ཞིབ་ཕྲ་ཤོད་ཟེར། ངས་གང་དྲན་པ་རྣམས་བཤད་དེ་ནམ་མ་གསལ་ཙམ་ནས་ཉེན་རྟོག་པ་གཉིས་བུད་སོང་། གཞན་ཞིག་སླེབས་ཏེ། མུ་མཐུད་ནས་ཤོད་ཟེར། བར་དུ་ཉི་མ་རེ་རེ་བཞིན་ཅི་ཞིག་བྱས་པ་ཚང་མ་ཤོད་ཟེར། དེ་ལྟར་ངས་བཤད་པ་དང་ཁོ་ཚོ་བརྗེ་བོ་བརྒྱབ་སྟེ། ཚིག་ཐོ་བླངས། སྐབས་ཤིག་ཉེན་རྟོག་པ་རྒྱ་མཚོ་སླེབས་ནས་རང་རྩོམ་བྲིས་ན་ཡག་པོ་ཡོད་རེད་ཟེར། རང་གིས་བཙོན་ཁང་ནང་གི་ཚོར་སྣང་ཞིག་ཕྲིས་དང་ངས་གླུ་མ་ལྷ་སྐྱིད་མ་(དེ་དུས་ཁུལ་ཐོག་ལ་སྐད་གྲགས་ཆོད་པའི་གླུ་མ་ཞིག་ཡིན། ) ལ་ལེན་དུ་འཇུག་ཟེར། དེ་དུས་ངའི་བསམ་པར་ངའི་ཡིག་གཟུགས་ལ་བལྟས་ནས་སྦྱར་ཡིག་འབྲི་མཁན་ཡིན་མིན་བརྩད་གཅོད་ཀྱི་ཡོད་པ་འདྲ་བསམས་ནས་ཚིགས་བཅད་ཁ་ཤས་བྲིས་ཏེ་སྤྲད་པ་ཡིན།
དོན་དངོས་ཐོག་ང་རང་སྦྱར་ཡིག་སྦྱོར་མཁན་གྱི་གྲས་སུ་མེད་པའི་དབང་གིས་གདེང་ཚོད་ཡོད་པས་ཡིན།
ཁོ་ཚོའི་ཞི་དྲག་གི་བྱེད་ཐབས་རིམ་པར་མཐོང་སྐབས། གལ་སྲིད་ང་རང་སྦྱོར་ཡིག་སྦྱོར་མཁན་གྱི་གྲས་ཡིན་ན། ངོས་ལེན་མ་བྱས་རང་བྱས་ཆགས་ས་རེད་བསམ་པ་ཞིག་བྱུང་། ཉིན་གསུམ་པ་ཙམ་ལ་ཁྱེད་ཀྱིས་བཤད་ནས་ང་ཚོས་བྲིས་པ་ལས་ཁྱེད་རང་གིས་ཧོར་ཟླ་བཞི་པའི་ཚེས་༡༤ དང་༡༥ ལ་ག་རེ་བྱས་མིན་ནམ་ལངས་པ་ནས་མཚན་གཉིད་རག་བར་གྱི་གནས་ཚུལ་ཞིབ་ཕྲ་ཕྲིས་ཟེར་ནས་འབྲི་དེབ་དང་སྨྱུ་གུ་ངའི་ལག་ཏུ་བཞག་སོང་། ངས་གནས་ཚུལ་རགས་མོ་ཞིག་བྲིས་ཏེ་ཕུལ་བར་ཞིབ་ཕྲ་མི་འདུག་ཟེར་ནས་ཡང་བསྐྱར་ཕྲིས་ཟེར། ཉི་མ་ཡང་མང་པོ་འགོར་བས་ཞིབ་ཕྲ་དྲན་གྱི་མི་འདུག །བརྗེད་འདུག་ལབ་པར་བྲེལ་བ་ཡོད་མ་རེད་ག་ལེར་བསམ་བློ་ཐོངས་ལ་ཕྲིས་ཟེར། མཚན་ཁ་ཤས་ལ་གཉིད་བཀག་པས་ལག་པ་དང་གཟུགས་པོ་ཡང་ཚ་བོ་ཆགས་པར་མ་ཟད། མགོ་ཡུ་ཡང་འཁོར་གྱི་འདུག་ལ། མིག་ཀྱང་རབ་རིབ་ཏུ་གྱུར། དེ་ལྟར་ཉིན་མཚན་གཉིས་ཀ་བརྩིས་པས་ཉིན་མཚན་བཅུ་ཙམ་ལ་འདྲི་གཅོད་བཏང་སྟེ། ཐ་མར་ནོར་བུ་ཁྲུའུ་ཀྲང་དངོས་སུ་སླེབས་ནས་སྦྱར་ཡིག་འབྲི་མཁན་ཁྱེད་ཡིན་ནམ། དེ་དུས་བཙོན་ཁང་དུ་བཟུང་ཡོད་པ་ཞིག་གི་མིང་ནས་གླེང་སྟེ་དེ་ཡིན་ནམ་ཁྱེད་རང་ཡིན་ཟེར། (མི་དེའི་མཚན་འདིར་གླེང་བདེ་བོ་མི་འདུག) ང་མིན་ཞེས་པར། ཡང་བསྐྱར་གཅིག་འདྲི། མི་དེས་དེའི་མི་ཚད་ཚད་པོ་ཁས་ལེན་གྱི་འདུག །གནས་ཚུལ་དེ་འདྲ་ཞིག་ཁྱེད་ཀྱི་མགོ་ལ་གཡུག་གི་མ་རེད། ད་ལྟ་ཁས་མ་བླངས་ན་ཕར་ཕྱོགས་ཀྱི་གྱོ་མཁར་མཐོན་པོ་ཅན་གྱི་བཙོན་ཁང་ཆེ་བ་དེར་འགྲོ་དགོས།

དེར་འགྲོའམ་རང་གིས་ཁས་ལེན་ཐ་མའི་གདམ་ཀ་ཡིན་ལབ་སོང་། དེ་དུས་ཁང་པ་ཆུང་ངུ་དེའི་ནང་ནོར་བུ་ཁྲུའུ་ཀྲང་གིས་གཙོས་པའི་གསང་ལས་པ་བཅུ་གྲངས་ཤིག་འཚངས་ཀ་ལྟ་བུར་ངར་ངར་རྫིག་རྫིག་ངང་བསྡད་དེ་མཐའ་མའི་ཐག་གཅོད་བྱེད་རྩིས་ཀྱི་རྣམ་པ་གསལ་པོར་མཐོང་སོང་། ངས་སྦྱར་ཡིག་སྦྱོར་མཁན་ཡིན་པར་ཁས་མ་བླངས་པས་ཉེན་རྟོག་པ་གཉིས་ཙམ་ངའི་མདུན་དུ་བཅར་ནས་བཙན་འདྲི་བྱེད་རྩིས་བྱེད་སྐབས། ནོར་བུ་ཁྲུའུ་ཀྲང་གིས་ལག་པ་ཡར་བཀྱགས་ཏེ་བཙན་པོ་བྱེད་མི་དགོས་པའི་ལག་བརྡ་བཏང་སྟེ་བཀག་སོང་། རིམ་བཞིན་འཇམ་པོའི་རྣམ་པ་བསྟན་ནས་ད་རེས་ཁྱེད་ཀྱི་ཉེས་པ་དག་ཡོད་མ་རེད། གནས་སྐབས་དགོན་པར་སོང་དང་ཡང་བསྐྱར་ཡོང་དགོས་ཤར་ཚེ་འབོད་ཀི་ཡིན། འདིར་སྐད་བཏང་ནས་གང་དྲིས་པ་དང་གང་བྱས་པ་སུ་གཅིག་ལ་ཡང་བཤད་མི་ཆོག །གུང་ཁྲན་ཏང་རྩི་ཏོག་ཕག་ན་ཡང་ཡོད། མི་ཤེས་པ་གཅིག་ཀྱང་ཡོད་པ་མ་རེད་ཟེར། དེ་ནས་ཉལ་ཆས་རྣམས་ཁུར་ནས་མཚན་ཆུ་ཚོད་གསུམ་པ་ཙམ་ཞིག་ལ་ནག་ཁུང་ནང་། རྒྱལ་ཐང་བཙོན་ཁང་ནས་རོང་པོ་དགོན་པའི་ནང་བར་དུ་གོམ་པ་བརྒྱབ་སྟེ་ཡོང་བར། གཉིད་བཀག་པས་གཟུགས་པོ་མི་བདེ་བ་དང་ལམ་ཁ་ལ་སྒང་གཤོང་མང་བས་བགྲོད་ལམ་མི་བདེ་བའི་དབང་གིས་ཚར་མང་པོ་ཐང་ལ་འགྱེལ་བར་མ་ཟད། མཚན་མོ་དེར་ཆར་བ་བཏང་བའི་དབང་གིས་ཆུ་འཁྱིལ་ནང་དུའང་ལྷུང་སྟེ་ཐེངས་ཁ་ཤས་འགྱེལ་སོང་། ནང་དུ་སླེབས་སྐབས་གདན་དང་ཉལ་ཆས་ཐོག་འདམ་འབག་ཀྱང་འགོས་འདུག་པས་སེམས་སྐྱོ་བ་ཞིག་བྱུང། སོ་སོའི་ཤག་ཏུ་སླེབས་ནམ་གསལ་ཙམ་ལ་གྲོགས་པོ་ཁ་ཤས་ལྟ་རུ་སླེབས་ནས་ག་རེ་བྱས་སོང་སོགས་ཟེར་མོད། ཅི་ཡང་བཤད་མ་ཕོད། དུས་དེ་ནས་བཟུང་སོ་སོའི་ཚོར་སྣང་ལ་དགོན་པའི་ནང་དོན་རྐྱེན་རེ་བྱུང་སྐབས། ཉེན་རྟོག་པས་ངེད་ལ་ལྟ་རྟོག་གིས་སོ་བཙུགས་ཡོད་པའི་དོ་སྣང་ཚར་ཁ་ཤས་བྱུང་། སྐབས་དེ་དག་ཏུ་སྦྱར་ཡིག་མང་པོ་ཞིག་སྦྱར་གྱི་ཡོད་པ་དང་། གཙོ་བོ་སྐབས་དེར་ངེད་ཀྱིས་སྦྲང་ཆར་སོགས་དུས་དེབ་ཁ་ཤས་ཐོག་རྩོམ་ཡིག་སྤེལ་གྱི་ཡོད་པ་དེའི་དབང་གིས་ཡིན་པ་འདྲ། ལོ་རབས་བརྒྱད་ཅུའི་ནང་རེབ་གོང་ལ་བྱུང་བའི་ང་དང་འབྲེལ་ཡོད་གནས་ཚུལ་དྲན་པ་དེ་ཚོ་རེད། གཞན་ངས་མ་ཤེས་པ་དང་མ་དྲན་པ་མང་པོ་ཡོད་ངེས། རེབ་གོང་ས་ཆ་ཆེན་པོ་རེད། སོ་སོའི་གཡས་གཡོན་ནས་གནས་ཚུལ་ག་རེ་བྱུང་ཡོད་མེད་ཀྱང་ཆབ་སྲིད་དང་འབྲེལ་བ་དེ་ཚོ་གསང་བའི་ལས་ཀ་ཡིན་ཙང་མཐོང་ཐོས་ཇི་མ་ཇི་བཞིན་བཤད་ཁག་པོ་རེད། ལོ་རབས་དགུ་བཅུ་པའི་ནང་རེབ་གོང་ལ་ཆབ་སྲིད་ཀྱི་གནས་ཚུལ་རབས་དང་རིམ་པ་མང་པོ་བྱུང་བ་རེད།།

Share with your friends










Submit