ཟླ་བ་ ༡༢ ཚེས ༥ ༢༠༡༨
Published By ngawang thokmey

ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༥ རེས་གཟའ་ལྷག་པ།

ཆབ་སྲིད་བཙོན་ཟུར་བསྟན་འཛིན་ཆོས་རྒྱལ་ལགས།

 

༄༅། །ལོ་རབས་༨༠ ནང་མདོ་སྨད་རེབ་གོང་དུ་རྒྱ་གཞུང་གི་སྲིད་བྱུས་ལ་ངོ་རྒོལ་གྱི་གནས་ཚུལ་ཁག་ཅིག་དྲན་གསོ་ཞུ་སླད་ཕྱི་ལོ་༢༠༡༨ ཟླ་ ༡༠ ཚེས་༡༨ ཉིན་ཕྱི་རྒྱལ་དུ་བཞུགས་པའི་འབྲེལ་ཡོད་མི་སྣ་ཁ་ཤས་ལ་བཅར་འདྲི་ཞུས་པ་གཤམ་གསལ་འགོད་པ།
 [ལེ་ཚན་འདི་བཞིན་མདོ་སྨད་རེབ་གོང་དུ་དུས་རབས་ཉི་ཤུའི་ལོ་རབས་༨༠ ནང་ཆབ་སྲིད་ལས་འགུལ་གྱི་གནས་ཚུལ་མང་པོ་བྱུང་ཡོད་ཀྱང་། ད་ལྟའི་ཆར་ཕྱིར་མིག་ལྟ་དུས་གཞུང་འབྲེལ་ཡིག་ཆ་ཁག་ཏུ་སྐབས་དེར་དངོས་བྱུང་གནས་ཚུལ་ཧ་ཅང་ཉུང་ངུ་རེ་ལས་སླེབས་མེད་པ་དང་། བོད་ཀྱི་ས་མཚམས་ཁག་ཏུ་ལོ་རྒྱུས་ཀྱི་དཀྱོགས་མཚམས་གལ་ཆེའི་ནང་། ངེས་ཅན་དུ་ཡིག་ཐོག་ཏུ་གནས་དགོས་ངེས་ཀྱི་ཆབ་སྲིད་ཀྱི་འགྱུར་བ་ཁག་འབྲེལ་ཡོད་མི་སྣ་ཕྱི་རྒྱལ་རང་དབང་ལུང་པར་བཞུགས་པ་ཚོ་དང་ལྷན་དུ་དྲི་བ་དྲིས་ལན་གྱི་གླེང་མོལ་བརྒྱུད་གསལ་ཁ་བཟོ་རྒྱུ་ནི། དུས་རབས་དེར་ཆབ་སྲིད་ལས་འགུལ་གྱི་ཚ་རླབས་ཁྲོད་འཚར་ལོངས་བྱུང་པའི་རྒྱུས་ཡོད་པ་རྣམས་ཀྱི་ལས་འགན་ཡིན་པ་སོགས། ཕྱོགས་མང་པོ་ནས་དུས་བབ་ཀྱི་དགོས་མཁོ་གལ་ཆེན་ཞིག་ཏུ་མཐོང་བས་སྐབས་དེ་དག་ཏུ་འབྲེལ་ཡོད་ཀྱི་མི་སྣ་ཚོ་དང་མཉམ་དུ་བཅར་འདྲི་ཞུས་ཏེ། མུ་འགོད་ཀྱིས་ལོ་ངོ་༣༠ འགོར་བའི་རེབ་གོང་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱིས་སྤེལ་བའི་ཆབ་སྲིད་ལས་འགུལ་ཀྱི་ལོ་རྒྱུས་དྲན་གསོ་བྱ་འཆར་ལགས།]

དེ་ཡང་ཨོ་སི་ཊི་ལི་ཡར་བཅའ་བཞུགས་ཆབ་སྲིད་བཙོན་ཟུར་བློ་བཟང་ལུང་རྟོགས་ལགས་ཀྱིས་གོང་ཚེས་ཉིན་ཁུལ་དེར་གནས་སྡོད་ཆབ་སྲིད་བཙོན་ཟུར་བསྟན་འཛིན་ཆོས་རྒྱལ་ལགས་ལ་བཅར་འདྲི་ཞུ་སྐབས་ཁོང་གིས་སྐབས་དེར་གནས་ཚུལ་གང་བྱུང་བ་རྣམས་འདིར་མུ་འགོད་ཞུས་ཡོད། 

ཕྱི་ལོ་༡༩༨༧ ལོར་སྐད་འབོད་ཁྲོམ་སྐོར་བྱེད་འཆར།

ནམ་རྒྱུན་ང་ཚོ་རེབ་གོང་རོང་བོ་དགོན་ཆེན་གྱི་གྲྭ་པ་རྣམས་ལྷན་འཛོམས་སྐབས། རྒྱ་ནག་གཞུང་གི་དྲང་བདེན་མིན་པའི་སྲིད་བྱུས་ལ་ངོ་རྒོལ་སྐད་འབོད་ཁྲོམ་སྐོར་(ཡར་ལངས་) བྱེད་དགོས་པའི་སྐོར་ཕན་ཚུན་བཤད་ཀྱི་ཡོད་པ་རེད། དེ་བཞིན་དགོན་པའི་ནང་སྦྱར་ཡིག་དང་ཡིག་ཆ་འགྲེམས་སྤེལ་བྱས་པའི་གནས་ཚུལ་ཀྱང་རབས་དང་རིམ་པ་མང་པོ་ཞིག་བྱུང་། ཕྱི་ལོ་༡༩༨༧ ལོ་བཅུ་པའི་ལྔ་མཆོད་ཆེན་མོའི་སྐབས་དགོན་པའི་འདུ་ཁང་གི་ཕུབ་མ་གསར་བརྗེ་དང་དཀར་རྩི་བྱུག་པའི་ལུགས་སྲོལ་ཡོད་པ་དང་། རྣམ་འགྲེལ་འཛིན་གྲྭ་གོང་འོག་གཉིས་ནས་ལས་ཀ་དེ་བྱེད་སྲོལ་ཡོད། སྐབས་དེར་རྣམ་འགྲེལ་འཛིན་གྲྭ་གོང་འོག་གཉིས་ཀྱི་གྲྭ་པ་ཚོས་ལས་ཀ་བྱེད་བཞིན་པའི་སྐབས་སུ་སྐད་འབོད་སྐོར་གྱི་སྐད་ཆ་མང་པོ་བྱུང་སོང་། ཧོར་ཟླ་བཅུ་བའི་ཚེས་༢༢ དང་༢༣ ཙམ་ལ་རེད། གང་ཡིན་ཟེར་ན། ཚེས་༢༤ ཉིན་ལས་ཀ་ཚང་མ་འགྲུབ་དགོས་ཀྱི་ཡོད། སྐབས་དེར་ལས་ཀ་བྱེད་བཞིན་(ཡར་ལངས) སྐད་འབོད་བྱེད་དགོས་པ་དང་ཅི་ལྟར་བྱེད་དགོས་མིན་སོགས་ཀྱི་སྐོར་ལ་གོ་བསྡུར་མང་པོ་བྱས་པར་མ་ཟད། ཚོགས་ཆེན་འདུ་ཁང་གི་ཡང་སྟེང་གི་༸རྒྱལ་བ་པཎ་ཆེན་རྣམ་གཉིས་ཀྱི་གཟིམ་ཁང་ཡོད་སའི་མདུན་དུ་ཡར་ལངས་བྱེད་རྒྱུར་ཚང་མས་མནའ་བསྐྱལ་དམ་བཅའ་ཕུལ་བ་སོགས་བྱས། སྤྱི་པའི་འདུ་ཁང་ངམ་ཚོགས་ཆེན་འདུ་ཁང་གི་ཐོག་ཀར་༸རྒྱལ་བ་པཎ་ཆེན་རྣམ་གཉིས་ཀྱི་གཟིམ་ཁང་ཡིན་ཟེར་པའི་གཟིམ་ཁང་ཆུང་ཆུང་གཉིས་ཡོད། གཟིམ་ཁང་ནང་༸གོང་ས་༸རྒྱལ་བ་རིན་པོ་ཆེ་ཕེབས་མྱོང་མེད། འོན་ཀྱང་། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་ཞག་བཞུགས་གནང་མྱོང་ཡོད་པ་རེད།
གྲོས་བསྡུར་མང་པོ་བྱས་པ་དང་སོ་སོའི་གྲྭ་ཤག་ལ་ལོག་རྗེས་སོ་སོས་བོད་ཀྱི་རྒྱལ་དར་བཟོ་བའམ་ཡང་ན་བོད་དོན་སྐོར་གྱི་ཚིགས་བཅད་རེ་གཉིས་བྲིས་ནས་ཉིན་རྗེས་མར་ཁྱེར་ཡོང་དགོས་པ་སོགས་གྲོས་བསྡུར་བྱས། ཉིན་རྗེས་མར་ཤ་བོ་ནར་ནས་ཡིན་པའི་གྲྭ་འཇིགས་མེད་ཟེར་བ་ཁོང་གིས་ཚིགས་བཅད་ཅིག་བྲིས་ནས་སླེབས་པ་མ་གཏོགས་གཞན་རྣམས་ཀྱིས་བྲིས་མི་འདུག །བཅུ་བའི་དགའ་ལྡན་ལྔ་མཆོད་ཆེན་མོ་སྟེ་ཧོར་ཟླ་ ༡༠ པའི་ཚེས་ ༢༥ ཉིན་གྲྭ་ཚང་གསུམ་(རྒྱུད་པ། དུས་འཁོར། ཐོས་བསམ་གླིང་) གྱི་གྲྭ་མང་རྣམས་ཚོགས་ཆེན་འདུ་ཁང་ནང་འཛོམས་པའི་གོ་སྐབས་དང་བསྟུན་ནས་སྐད་འབོད་ཁྲོམ་སྐོར་ལ་འགྲོ་རྒྱུའི་འཆར་གཞི་བཏིང་། ཉིན་དེར་རེབ་གོང་རོང་བོ་དགོན་ཆེན་གྱི་གྲྭ་པ་ཡོངས་རྫོགས་ཚོགས་ཆེན་འདུ་ཁང་ནང་འཛོམས་ཀྱི་ཡོད། སྐབས་དེར་སོ་ནག་ནས་ཡིན་པའི་གྲྭ་བརྩོན་འགྲུས་ཟེར་བ་ཞིག་ཡོད་པ་ཁོང་ང་ཚོ་འཛིན་གྲྭ་གཅིག་པ་རེད། ཁོང་ལ་སྨན་པ་བརྩོན་འགྲུས་ཀྱང་ཟེར་ལ་ཁོང་སྨན་དང་རིག་གནས་(སྙན་ངག སུམ་རྟགས་སོགས) ལ་ཡག་པོ་ཡོད། ཁོང་གིས་དགའ་ལྡན་ལྔ་མཆོད་ཉིན་སྐད་འབོད་བྱས་ན་དུས་ཆེན་ཁྱད་པར་ཅན་རྫོད་ཀྱི་ཡིན་པས། ཉིན་དེར་ཡར་ལངས་བྱས་ན་ཡག་པོ་མེད་སྐོར་གྱི་དགོངས་ཚུལ་བཏོན་སོང་བ་ལྟར་ཚེས་༢༥ ཉིན་ལས་འགུལ་མི་སྤེལ་བར་ཚེས་༢༦ ཉིན་སྤེལ་བར་ཐག་བཅད།
འོན་ཀྱང་། བསམ་ཡུལ་ལས་འདས་པ་ཞིག་ལ་ཨ་ལགས་གསེར་ཁྲི་ཚང་(རྫོང་ཆུང་མཁས་བཙུན་ལུང་རིགས་རྒྱ་མཚོ) གིས་ང་ཚོ་ཁོང་གི་ནང་ཆེན་(བླ་བྲང་) ལ་སྐད་བཏང་སོང་། ང་ཚོས་ཉིན་ཤས་རིང་གྲོས་བསྡུར་བྱས་པའི་གནས་ཚུལ་དེ་སུ་ཞིག་གིས་ཁོང་ཚང་ལ་ཞུས་པ་གང་ལྟར་ཁོང་གིས་མཁྱེན་ནས་ང་ཚོ་ཡར་ཤོག་ཟེར་ནས་སྐད་བཏང་སོང་། སྐབས་དེར་ང་ཚོ་ལས་ཀ་བྱེད་མཁན་ཉུང་མཐར་ཡང་གྲྭ་བ་བཞི་བཅུ་ཙམ་ཡོད་པ་ནས་སྣེ་ཁྲིད་པ་ལྟ་བུ་མི་བརྒྱད་ཙམ་སྐད་བཏང་སོང་།
སྐབས་དེའི་སྤྱི་བའི་འདུ་ཁང་གི་དཀོར་གཉེར་ནི་མདོ་བ་རོང་ནས་ཡིན་པའི་གྲྭ་ཡེ་ཤེས་ཟེར་བ་ཁོང་རེད། ཁོང་ནི་ང་ཚོ་དང་འཛིན་གྲྭ་གཅིག་པ་ཡིན་ཡང་ལོ་ཅུང་ཟད་རྒན་པ་རེད། ཨ་ལགས་གསེར་ཁྲི་ཚང་ནས་བཀའ་འདྲི་གནང་སོང་བའི་ལན་དུ་ཡེ་ཤེས་ལགས་ཀྱིས་གསུང་རྒྱུར། ཁོང་ཚོར་ལེ་ཁག་ཡོད་པ་མ་རེད། སྤྱི་ཚོགས་རྙིང་པའི་ནང་མགོ་ལ་སྡུག་བསྔལ་སླེབས་མ་མྱོང་བས་གནང་སྟངས་ཤེས་ཀྱི་ཡོད་པ་མ་རེད། སྤྱིར་བཏང་། ང་རང་རྒན་པ་ཡིན་པས་ཁོ་ཚོར་སློབ་གསོ་གཏོང་དགོས་པ་ཡིན་མོད། གཞོན་སྐྱེས་འདི་ཚོས་སེམས་ཤུགས་ཆེན་པོའི་སྒོ་ནས་སྐད་འབོད་བྱེད་དགོས་སྐོར་སོགས་མང་པོ་ཞིག་བཤད་སོང་བ་དང་རང་ཉིད་ཀྱང་རྒྱ་ནག་གི་གདུག་རྩུབ་འོག་དཀའ་ངལ་མང་པོ་ཞིག་བརྒྱུད་པའི་གནས་ཚུལ་རྣམས་དྲན་ནས་སྐད་འབོད་ནང་ཞུགས་རྒྱུའི་འདུན་པ་སྐྱེས་སོང་སོགས་ཡར་སྙན་སེང་ཞུས་སོང་།
སྐབས་དེར་ཨ་ལགས་གསེར་ཁྲི་ཚང་དབུ་གཡུག་གཡུག་བྱེད་བཞིན་འདི་ལྟར་གསུང་སོང་། ཁྱེད་ཚོས་གནས་སྟངས་ཤེས་ཀྱི་མི་འདུག །རྒྱ་ནག་གུང་ཁྲན་ལ་ངོ་ཡ་བྱེད་རྒྱུ་ཟེར་བ་འདི་ལས་སླ་བོ་ཞིག་མ་རེད། ང་ཚོ་ནི་ཧ་ཅང་ཆུང་ཆུང་རེད། ཁྱེད་ཚོ་གྲྭ་པ་ཁ་ཤས་ཁྲོམ་ལ་སོང་ནས་སྐད་འབོད་བྱས་ན་ནུས་པ་གང་ཡང་ཐོན་གྱི་མ་རེད། ཁྱེད་རང་ཚོ་(རྒྱ་གཞུང་གིས་) ས་ཆ་དེ་ག་རང་ནས་རྩ་མེད་བཟོ་གི་རེད། རྩ་མེད་བཟོས་སོང་ན་སུས་ཀྱང་བདག་པོ་རྒྱག་ཐུབ་ཀྱི་མ་རེད། སྔོན་མ་མི་ག་ཚོད་མང་པོ་ཞིག་རྩ་མེད་བཟོས་པ་ལྟར་ཁྱེད་ཚོ་གར་སོང་ཡང་མི་ཤེས་པ་ཞིག་ཏུ་གྱུར་ན་ག་རེ་བྱེད་ཀྱི་ཡིན་ནམ། ཁྱེད་ཚོ་སྣང་པ་འཁྲུལ་སོང་བ་རེད། ཁྱེད་ཚོས་མངོན་གསལ་ཐོག་ཟིང་ཆ་མ་ལངས། ང་ཚོས་སྐད་འབོད་ག་ཚོད་བྱས་ཀྱང་ཚང་མ་ནག་འཚུབ་བེ་འགྲོ་བ་རེད་མ་གཏོགས་ནུས་པ་གང་ཡང་ཐོན་གྱི་མ་རེད་སོགས་སྔོན་ཆད་ཀྱི་ལོ་རྒྱུས་དང་འབྲེལ་ནས་གསུང་བཤད་མང་པོ་གནང་སོང་བས་གྲྭ་མང་གིས་ཀྱང་ཁོང་གི་བཀའ་གསུང་བརྩིས་ནས་ལོ་དེར་སྐད་འབོད་ཁྲོམ་སྐོར་བྱས་ཡོད་པ་མ་རེད། སྐབས་དེར་ཁོང་གིས་བཀག་མེད་ན་སྐད་འབོད་ཁྲོམ་སྐོར་བྱེད་རྒྱུར་ཐེ་ཚོམ་མེད། གང་ཡིན་ཞེ་ན། འཛིན་གྲྭ་སྒང་མ་ཚོས་ཀྱང་རྣམ་འགྲེལ་འཛིན་གྲྭ་གོང་འོག་གཉིས་ཀས་ཐག་གཅོད་དེ་ལ་ངང་སྒུག་བྱེད་བཞིན་ཡོད་པ་རེད། གང་ལྟར་སྐབས་དེར་ཁྲོམ་སྐོར་བྱེད་མ་ཐུབ་པ་རེད།
དེའི་རྗེས་ཙམ་ལ་ལྕང་སྐྱའི་དགེ་འདུན་རྒྱལ་མཚན་དང་ཆུ་སྐྱེས་དཔལ་བཟང་སོགས་འཛིན་བཟུང་བྱས་པ་དང་། ང་ཚོ་མི་སྐོར་ཞིག་གིས་ཁོང་ཚོར་རྒྱ་གཞུང་གིས་མ་ཉེས་ཁག་གཡོག་བྱས་པ་ཡིན་ཚུལ་གྱི་ཡིག་ཆ་འགྲེམས་སྤེལ་བྱས་པ་ཡིན། ཡིག་ཆ་དེ་དག་གི་ནང་དོན་ནི་ཁོང་ཚོར་ཕྱི་རྒྱལ་ནས་ལྟ་རྟོག་བྱེད་མཁན་ཡོད་པ་དང་། ང་ཚོ་བློ་ཕམ་མི་དགོས་སོགས་དང་། ཡང་རྒྱལ་བ་རིན་པོ་ཆེའི་བཀའ་སློབ་དུམ་བུ་དེ་འདྲ། གང་ལྟར་ཁོང་གཉིས་ལ་གདུང་སེམས་མཉམ་སྐྱེད་ཀྱི་རྣམ་པ་མངོན་ཐུབ་བྱས། འདི་ལ་རྟོག་ཞིབ་བྱེད་པའི་ཕྱི་གླིང་པ་ཡང་ཡོད་པ་རེད་སོགས་ཁོང་གཉིས་ལ་རྒྱབ་རྩ་ཡོད་པའི་སྐོར་རེད།
སྐབས་དེར་ཆ་རྐྱེན་ཡག་པོ་མེད་པས་ཡིག་ཆ་དེ་དག་རྩིག་ངོས་སུ་སྦྱོར་རྒྱུར་ཡང་དཀལ་ངལ་འཕྲད་སོང་། སྦྱར་ཡིག་ཁ་ཤས་ཤོག་སྒམ་དེ་འདྲའི་ཐོག་སྦྱར་ནས་རེབ་གོང་གི་མི་ཚོགས་འཛོམས་སའི་སྲང་ལམ་སོགས་ལ་བཞག་པ་ཡིན། ཡིག་ཆ་རྣམས་རླུང་གིས་འཁྱེར་འགྲོ་བ་དང་། ཁ་ཤས་ཁྲོམ་གྱི་བོང་བུ་སོགས་ཕྱུགས་ཟོག་གི་རྐང་བརྫི་བྱེད་བཞིན་ཡོད་པ་ཡང་མཐོང་སོང་། དགོན་པའི་མཁར་སྒོའི་ལྷ་ཁང་གི་རྩིག་ངོས་སུ་སྦྱར་བའི་ཡིག་ཆ་དེ་ཉིན་རྗེས་མར་རྩིག་ངོས་སུ་ཡོད་པ་ཞོགས་པར་གྲྭ་པ་དང་མི་མང་གིས་ཀློག་བཞིན་པ་དང་། དེ་ནས་ཆུ་ཚོད་བཅུ་པ་ཙམ་ལ་ཉེན་རྟོག་པ་སླེབས་ཏེ་བཀོག་ནས་ཁྱེར་འགྲོ་བ་ཡང་མཐོང་སོང་།

ཕྱི་ལོ་༡༩༨༩ རེབ་གོང་རོང་བོ་དགོན་ཆེན་གྱི་གྲྭ་མང་གིས་རྔམ་སྟོན་ཁྲོམ་སྐོར་བྱས་པ།

ཕྱི་ལོ་༡༩༨༩ ལོའི་ཧོར་ཟླ་༤ པའི་ནང་ལ་རེད། རྒྱ་ནག་དུ་སློབ་ཕྲུག་གིས་སྐད་འབོད་ཁྲོམ་སྐོར་བྱེད་བཞིན་པ་དང་། པེ་ཅིང་ལ་དྲག་གནོན་མ་བྱས་པའི་ཉིན་ཁ་ཤས་སྔོན་ལ་རེད། སྐད་འབོད་བྱས་པའི་ཉིན་ཁ་ཤས་རྗེས་སུ་པེ་ཅིང་དུ་དྲག་གནོན་བྱས་པའི་གནས་ཚུལ་གོ་སོང་། དགོན་པའི་ནང་གྲྭ་བ་ཚོས་སྐད་འབོད་ཁྲོམ་སྐོར་བྱེད་རྒྱུའི་སྐོར་ལ་གྲོས་བསྡུར་བྱས་པ་ཡིན། དོན་དག་གཙོ་བོ་ཁྲོམ་སྐོར་སྐབས་ཀྱི་འབོད་ཚིག་དང་། ཡང་སྲིད་གཞུང་གི་འགོ་ཁྲིད་ཚོར་བཤད་རྒྱུའི་སྐད་ཆ་སོགས་གྲ་སྒྲིག་ཡག་པོ་ཞིག་དགོས་ཀྱི་འདུག་སོགས་བཤད། སྐབས་དེར་བཤད་རྒྱུའི་སྐད་ཆའི་ཐོག་ངས་ཀྱང་གྲ་སྒྲིག་བྱས་པ་ཡིན། ངའི་ཡིག་ཆ་དེའི་ནང་དོན་གཙོ་བོ་མི་རིགས་ས་གནས་རང་སྐྱོང་གི་སྲིད་བྱུས་ལག་བསྟར་བྱེད་དགོས་ཟེར་བ་དེ་རེད། ས་གནས་སུ་བོད་ཡིག་གཙོ་བོར་བེད་སྤྱོད་གཏོང་དགོས་པ། དཔེར་ན། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་གཞུང་འབྲེལ་ཡིག་ཆ་རྣམས་གཙོ་བོ་བོད་ཡིག་བེད་སྤྱོད་གཏོང་དགོས་པ་ལྟ་བུ་རེད། སྐབས་དེའི་ང་ཚོས་སྐད་འབོད་གཙོ་བོ་བཞི་ཡོད། མི་རིགས་རང་སྐྱོང་གི་སྲིད་བྱུས་ལག་བསྟར་བྱེད་དགོས་པ་སོགས་ཡིན་པ་ད་ལྟ་གསལ་བོར་དྲན་གྱི་འདུག །ངའི་ཡིག་ཆ་གཞི་བཅོལ་ས་ནི་སྐབས་དེར་དཔའ་རིས་སངས་རྒྱས་ཟེར་བ་ཞིག་གིས་མཚོ་སྔོན་སློབ་གསོ་ཡིན་ནམ། གང་ལྟར་དུས་དེབ་ཅིག་གི་ཐོག་རྩོམ་ཡིག་ཡག་པོ་ཞིག་སྤེལ་བ་དེ་ཡིན། རྩོམ་ཡིག་དེའི་ནང་མར་ཁེ་སི་དང་ལེ་ཉེན་གྱི་རྩོམ་ཡིག་ལུང་འདྲེན་བྱས་ཏེ། མི་རིགས་ཤིག་རྩ་མེད་གཏོང་དགོས་ན་མི་རིགས་དེའི་སྐད་དང་ཡི་གེ་རྩ་མེད་གཏོང་དགོས་ཟེར་གྱི་ཡོད་པས། བོད་མི་རིགས་རྩ་མེད་གཏོང་འདོད་མེད་ན་བོད་མི་རིགས་ཀྱི་སྐད་དང་ཡི་གེ་བེད་སྤྱོད་གཏོང་དགོས་པ་སོགས་རྩོམ་ཡིག་ཧ་ལས་པའི་ཡག་པོ་ཞིག་ཡོད་པ་དེ་ནས་གནད་འགག་ཅན་མང་པོ་ཞིག་ཡོད་པ་གཞིར་བཞག་ནས་ཤོག་ངོས་བཞི་ལྔ་ཙམ་བྲིས་ཡོད། རྩོམ་ཡིག་དེ་ཁྲོམ་སྐོར་ལ་འགྲོ་སྐབས་གཅན་ཚ་ནས་ཡིན་པ། དེང་སང་བཙན་བྱོལ་ནང་ཕེབས་པ་སྤྱི་ཟུར་དགེ་བཤེས་རོང་པོ་བློ་བཟང་སྙན་གྲགས་ཀྱིས་ཅིག་སྟོན་རོགས་ཟེར་བ་ལྟར་ཁོང་གིས་ཚར་གཅིག་ཀློག་སོང་།
ཉིན་དེའི་ཁྲོམ་སྐོར་ནི་འགོ་ཁྲིད་བྱེད་མཁན་འདི་ཡིན་ཟེར་ནས་དམིགས་བསལ་ཡོད་པ་མ་རེད། གཙོ་བོ་གྲྭ་བ་ནང་ཁུལ་ཕན་ཚུན་ལབ་ནས་འགོ་འཛུགས་བྱས་པ་ཞིག་རེད། དཔེར་ན། ངས་སྐབས་དེར་རང་ལོ་ ༡༩ ཙམ་ཡིན་པའི་སྒང་དགེ་འདུག་རྒྱལ་མཚན་ཟེར་བའི་གྲྭ་གཞོན་ཞིག་ལ། དེ་རིང་ང་ཚོ་ཁྲོམ་སྐོར་ལ་འགྲོ་དགོས་པ་རེད། གལ་སྲིད་རྗེས་མར་ཉེན་རྟོག་པས་འཇུ་བཟུང་བྱས་པ་ཡིན་ན། ངས་ཁྱེད་ལ་སྐུལ་སློང་བྱས་སོང་ལབ་ན་འགྲིག་གི་རེད་ལབ་པར། ཁོང་གིས་དེ་འདྲ་རྩ་བ་བྱེད་ཀྱི་མ་རེད། རྗེས་མ་ང་རང་འཇུ་བཟུང་བྱས་པ་ཡིན་ན་རང་ཉིད་ཀྱིས་འགན་ཁུར་གྱི་ཡིན་གསུང་སོང་། དེ་ལྟར་གྲྭ་པ་ཕན་ཚུན་སྐུལ་སློང་བྱས་ཏེ་ཁྲོམ་སྐོར་གྱི་འགོ་བརྩམས་པ་རེད།
ཧོར་ཟླ་༤ པའི་ཚེས་༡༥ ཉིན་གྱི་ཞོགས་པའི་ཚོགས་གྲོལ་བ་དང་ང་ཚོ་གྲྭ་པ་སྐོར་ཞིག་(གྲྭ་འཇམ་དབྱངས།) ཁྲོམ་སྐོར་ལ་འགྲོ་རྩིས་བྱེད་ཀྱི་ཡོད་པར་སྐབས་དེའི་དགེ་བསྐོས་གྲྭ་རྒན་པ་བོན་རྒྱལ་ཟེར་བ་ཁོང་ནས་ང་ཚོ་བཀག་ནས་འགྲོ་བཅུག་མ་སོང་། ང་དང་ཀླུ་ཆུའི་དགེ་ལེགས་གཉིས་གཡོན་ཕྱོགས་ནས་མར་རྒྱ་སྲང་ལ་སོང་པ་ཡིན་མོད། གྲྭ་པ་གཞན་རྣམས་ཁ་འཐོར་སོང་པར་བརྟེན་འགྲོ་མཁན་མེད་པར་གྲྭ་འཇམ་དབྱངས་དང་མཉམ་དུ་ཚུར་ལོག་ཡོང་བ་ཡིན།
དེའི་རྗེས་ལ་ཆུ་ཚོད་༡༡ ཙམ་ལྷ་ཁང་སོ་མའི་(གསར་པ) ནང་ཡང་བསྐྱར་དགོན་པའི་གྲྭ་མང་འཛོམས་ནས་མཆོད་འབུལ་བྱེད་ཀྱི་འདུག །
ལྷ་ཁང་གསར་པའི་མཆོད་འབུལ་སྐབས་ནང་གྲྭ་ཚང་གསུམ་གྱི་དགེ་འདུན་པ་ཚང་མ་འཛོམས་ཡོད་པ་རེད། མཆོད་འབུལ་གྲོལ་མ་ཐག་གྲྭ་བ་རྣམས་ཀྱིས་ “ཡར་ལངས་བྱེད་དགོས། ཁྲོམ་སྐོར་ལ་འགྲོ “ཟེར་ནས་སྐད་ཤུགས་ཆེན་པོ་རྒྱག་བཞིན་ཕྱིན་པ་རེད། ལྷ་ཁང་སོ་མ་ནས་དགོན་པའི་མཁར་སྒོ་ལ་སླེབས་པ་དང་། ཡང་འདུ་འདུ་འཛོམས་འཛོམས་བྱས་ནས་ཅུང་འགོར་སོང་། གྲྭ་པ་ཡང་མང་པོ་འདུག །ཁ་ཤས་ཀྱིས་ང་ཚོ་འདི་ལྟར་མ་འགྲོ། སྐད་འབོད་གཅིག་གྱུར་བྱེད་དགོས་སོགས་གྲོས་བསྡུར་བྱས་སོང་། སྐབས་དེར་ངའི་སེམས་ལ་གལ་སྲིད་འདི་ལྟར་གྲོས་བསྡུར་བྱས་ནས་བསྡད་པ་ཡིན་ན་གནས་ཚུལ་ལ་འགྱུར་བ་ཐེབས་ཀྱི་རེད་བསམ་ནས་ “ང་ཚོ་འགྲོ་ འགྲོ་ཡ་” ཞེས་སྐད་འབོད་བྱེད་བཞིན་མི་ཁ་ཤས་ཕྱིན་པ་དང་། ང་ཚོའི་སྔོན་དུ་ཡང་གྲྭ་པ་ཁ་ཤས་འགྲོ་བཞིན་འདུག །དེ་ནས་རྒྱ་ཐང་གི་སྔོ་ཚོལ་བཙོང་ས་ལ་མ་སླེབས་སྐབས་གྲྭ་མང་གིས་འབོད་ཚིག་གཏན་འབེབས་ཀྱིས་སླེབས་སོང་། སྐབས་དེར་ཕལ་ཆེར་གྲྭ་པ་བརྒྱ་ལྷག་ཙམ་འདུག །

མི་མང་དང་བླ་སྤྲུལ་རྣམས་ཀྱིས་ཞུ་བ་འཐེན་པ།

ང་ཚོ་གཡོན་ཕྱོགས་སུ་སྔོ་ཚལ་ཁྲོམ་རྭའི་གཞུང་ལམ་བརྒྱུད་ཁུལ་ཟློས་གར་ཁང་གི་སྒོ་འགྲམ་ཐུར་བུད་ནས་སྲིད་གཞུང་གི་སྒོ་ཆེན་མདུན་དུ་མ་སླེབས་སྔོན་ཙམ་ལ་ཨ་མ་རྒན་མོ་མང་པོ་ཞིག་གིས་ཁྲོམ་སྐོར་ལ་མ་འགྲོ་ཟེར་ནས་ང་ཚོར་ཞུ་བ་འཐེན་སོང་། སྐབས་དེར་བཞི་པའི་མྱུང་གནས་ཡིན་པ་དང་མང་པོ་ཞིག་སྨྱུང་གནས་སྲུང་ཡོད་པས་ངག་བཅད་ཀྱི་ཉིན་མོ་ཡིན་པས། ཨ་མ་ཁ་ཤས་ཀྱིས་ངག་བཅད་གློད་དེ་མ་འགྲོ་རོགས་ཟེར་བ་དང་ཁ་ཤས་ཀྱིས་གྲྭ་པ་རྣམས་ཀྱི་རྐང་པར་འཇུས་ནས་ངུ་ངག་གིས་ཞུ་བ་འཐེན་གྱི་འདུག །ང་ཚོས་སྐད་འབོད་བྱེད་བཞིན་རྨ་ལྷོ་ཁུལ་སྲིད་གཞུང་གི་སྒོ་འགྲམ་ལ་སླེབས་སྐབས། ཉེན་རྟོག་པ་ཞིག་གིས་ད་ལྟ་ཉིན་གུང་ཁ་ལག་གི་དུས་ཚོད་ཡིན་པས་ལས་ཁུངས་ནང་ལས་བྱེད་ཚོ་མི་འདུག་པས་ཆུ་ཚོད་གཉིས་ཀྱི་རྗེས་ནས་ཤོག་ཟེར། ཕལ་ཆེར་སྐད་འབོད་བྱེད་མཁན་རྣམས་ཁ་གཏོར་གཏོང་བའི་ཐབས་ཤེས་བྱེད་ཀྱི་ཡོད་པ་འདྲ། དེ་ལྟར་ཟེར་མཁན་ནི་རྨ་ལྷོ་ཁུལ་ཉེན་རྟོག་ལས་ཁུངས་ཀྱི་མགོ་ཁྲིད་ཤིག་རེད། ཁོ་ནི་གཉན་ཐོག་ནས་ཡིན་པའི་བློ་བཟང་ཟེར་བ་དེ་རེད། སྐབས་དེར་ཁོས་ལག་པའི་ཆུ་ཚོད་ལ་ལྟ་བཞིན་ང་ཚོར་དེ་ལྟར་ལབ་སོང་བ་དང་། ཁོ་རང་ཞེད་སྣང་དང་དངངས་སྐྲག་གང་ལྟར་ལག་པ་ཡང་འདར་སིག་སིག་བྱེད་བཞིན་པ་ངས་གསལ་བོ་དྲན་གྱི་འདུག།
ཁོས་སྐད་ཆ་བཤད་པར་ཉན་ནས་ང་ཚོས་མུ་མཐུད་རྨ་ལྷོ་ཁུལ་སྲིད་གཞུང་གི་ལས་ཁུངས་བཞག་ནས་ལུས་རྩལ་ར་བ་ཡོད་ས་དང་རྨ་ལྷོ་ཁུལ་བོད་སྨན་ཁང་ཡོད་སའི་གཞུང་ལམ་བརྒྱུད་ནས་སྐད་འབོད་བྱས། དེ་ནས་སྐད་འབོད་བྱེད་བཞིན་རྒྱལ་ཐང་གི་གཞི་མདོའམ་ལྟེ་བར་སླེབས་དུས་ཨ་ལགས་རོང་བོ་ཚང་དང་ཨ་ལགས་ཁ་སོ་ཚང་(སྐབས་དེའི་རེབ་གོང་བླ་སྤྲུལ་མཐོ་གྲས་) གཉིས་ཕེབས་སོང་། ཁོང་གཉིས་སླེབས་དེ་གསུང་རྒྱུར། ད་ཁྱེད་ཚོའི་ལས་ཀ་ཡག་པོ་བྱུང་འདུག །ད་དགོན་པར་ལོག་ན་ཡག་ཤོས་རེད་སོགས་གསུང་གི་འདུག །ཁོང་རྣམ་པའི་དགོངས་པ་བཞེས་ཕྱོགས་ནི་ཉིན་དེར་རྒྱ་གཞུང་གིས་དྲག་གནོན་སོགས་གང་ཡང་བྱས་མ་སོང་པར་བརྟེན། ད་ཡིན་ན་ཡག་པོ་བྱུང་འདུག །ཚང་མ་བདེ་མོ་འཚམ་པོ་རེད་འདུག །སྐད་འབོད་ཡག་པོ་བྱུང་འདུག །ད་དགོན་པར་ལོག་འགྲོ་དགོས་གསུང་ནས་བསླབ་བྱ་གནང་སོང་། སྐབས་དེར་ངའི་སེམས་ནང་ད་ནི་འགྲིག་སོང་། སྐད་འབོད་ནི་ཡིད་ཚིམ་པ་ཞིག་བྱས་པ་ཡིན། ད་ནི་དགོན་པར་ལོག་ཕྱིན་ན་ལེགས་ཤོས་རེད་བསམ་སོང་། སྐབས་དེར་གྲྭ་བ་ཞིག་གིས་སྐད་གསེང་མཐོན་པོས། ཁྱེད་ཚོར་ངོ་ཚ་ཨེ་ཡོད། ང་ཚོས་སྲིད་གཞུང་གི་ལས་ཁུངས་ནང་འགྲོ་གི་ཡིན་ལབ་ཚར་ཡོད་པ་རེད་ཟེར་དུས། གྲྭ་པ་ཚང་མས། རེད་རེད། ཟེར་བཞིན་ཚང་མ་གཅིག་ཤོར་གཉིས་ཤོར་གྱིས་སྐད་འབོད་བྱེད་བཞིན་རྨ་ལྷོ་ཁུལ་སྲིད་གཞུང་གི་ར་སྐོར་ནང་རྒྱུགས་བཤར་གློད་སོང་། སྐབས་དེར་གོམ་བགྲོད་མ་ཡིན་པར་ཚང་མས་སྐད་འབོད་བྱེད་བཞིན་རྒྱུགས་པ་དང་། ཨ་ལགས་རོང་བོ་ཚང་ཡང་གྲྭ་བ་ཚོའི་རྗེས་ལ་རྒྱུགས་ནས་ཞུ་བ་འཐེན་ན་ཡང་། ཁོང་དགུང་ལོ་མཐོ་བས་རྐྱེན་གྱིས་གྲྭ་བ་ཚོས་རྗེས་ཟིན་མ་སོང་། ང་ཚོ་རྨ་ལྷོ་ཁུལ་སྲིད་གཞུང་གི་སྒོ་ཆེན་མདུན་ལ་སླེབས་ནས་མུ་མཐུད་སྐད་འབོད་བྱེད་སྐབས་ཁུལ་སྲིད་གཞུང་གི་ར་སྐོར་ནང་བཏང་སོང་། ལས་བྱེད་ཅིག་གིས་བཤད་རྒྱུར་། དེ་རིང་མི་མང་འཐུས་མི་ཚོགས་ཆེན་ལྷན་འཛོམས་ཀྱི་སྐབས་ཁེལ་མེད་པས་འཐུས་མི་རྣམས་རང་རང་གི་ལས་ཁུངས་ནང་ཡོད་པ་རེད། དེ་བས་ཁོང་ཚོ་སོ་སོའི་ལས་ཁུངས་ནང་འགྲོ་བ་མ་གཏོགས་ཚང་མ་འཛོམས་ཡོད་ས་དེ་འདྲ་ཡོད་པ་མ་རེད་ཟེར། དེ་ནས་རྨ་ལྷོ་ཁུལ་གྱི་མགོ་ཁྲིད་གཞོན་པ་ཞིག་སླེབས་ནས་ང་ཚོའི་བསམ་ཚུལ་ཉན་གྱི་ཡིན་ཟེར། སྲིད་གཞུང་གི་སྒོ་འགྲམ་ལ་སྐད་འབོད་བྱས་ན་མི་མང་པོས་མཐོང་གི་ཡོད་པར་བརྟེན། ང་ཚོ་ཚང་མ་སྲིད་གཞུང་གི་ལས་ཁུངས་རྒྱབ་ན་ཐང་ཆེན་ཞིག་ཡོད་པར་སྐད་བཏང་སོང་། ཁུལ་གྱི་མགོ་ཁྲིད་དེས་མཉམ་དུ་སྐད་བསྒྱུར་བ་ཞིག་ཀྱང་ཁྲིད་འདུག །སྐད་བསྒྱུར་ཁོང་ནི་མིང་གྲགས་ཅན་གྱི་སྐད་བསྒྱུར་བ་ཞིག་རེད་ཟེར།

བསམ་འཆར་གྱི་ནང་དོན་ཁག

སྐབས་དེར་གྲྭ་པ་ཁ་ཤས་ཀྱིས་སྲིད་གཞུང་གི་མགོ་ཁྲིད་ལ་སོ་སོའི་བསམ་ཚུལ་བཤད་པ་རེད། གྲྭ་འཇིགས་མེད་བསྟན་འཛིན་ཟེར་བ་ཁོང་གིས་འཆར་ལྡན་བུ་སྐྱེས་ཀྱི་སྲིད་བྱུས་བོད་མིའི་ཐོག་ལག་བསྟར་བྱེད་མི་དགོས་པའི་རྒྱུ་མཚན་བཤད་སོང་། རོང་པོ་བློ་བཟང་སྙན་གྲགས་ཀྱིས་ཆོས་དད་རང་དབང་གི་སྐོར་སོགས་བཤད་སོང་།
གྲྭ་ཆུ་སྐྱེས་བསམ་གཏན་ལགས་ཀྱིས་ལྷ་ས་ནས་མི་སྟོང་ཕྲག་མང་པོ་དམར་གསོད་བཏང་ཡོད་པ་དང་། སྟོང་ཕྲག་མང་པོ་འཇུ་བཟུང་བྱས་ཡོད་པ་རྣམས་ཀློད་བཀྲོལ་གཏོང་དགོས་པའི་སྐོར་བཤད་སོང་།
དེ་ནས་ཁ་ཤས་ཀྱིས་བོད་ཁུལ་དུ་བོད་ཡིག་བེད་སྤྱོད་གཏོང་དགོས་སྐོར་དང་། ཡང་ཁ་ཤས་ཀྱིས་ཤར་སྐལ་ལྡན་རྒྱ་མཚོའི་ཡང་སྤྲུལ་སྐོར་བཤད། དེ་ནི་སྐབས་དེའི་འཐུས་མི་ཞིག་གིས་གྲྭ་པ་ཚོར་ཤར་སྐལ་ལྡན་རྒྱ་མཚོའི་སྤྲུལ་སྐུ་གདན་སར་འཁོད་དགོས་ཀྱི་ཡོད་སྐོར་བཤད་དགོས་པ་རེད་ཟེར་ནས་བརྒྱུད་སྐུལ་བྱས་ཡོད་འདུག །
ང་རང་ལ་མཚོན་ན་གཙོ་བོ་མི་རིགས་ས་གནས་རང་སྐྱོང་སྲིད་བྱུས་ལག་བསྟར་བྱེད་དགོས་པའི་སྐོར་རེད། བོད་ཡིག་བེད་སྤྱོད་གཏོང་དགོས་པ་དང་། ས་གནས་བོད་ཁུལ་དུ་མགོ་ཁྲིད་རྣམས་ས་གནས་ཀྱི་བོད་རིགས་ཡིན་དགོས་པ་སོགས་རང་ཉིད་ཀྱིས་གྲ་སྒྲིག་བྱས་པའི་ཡིག་ཆའི་ནང་དོན་མདོར་བསྡུས་ཙམ་སྐད་ཆ་བཤད་པ་ཡིན། མ་ཟད། ཉེ་ཆར་ལན་ཀྲུར་ཡོད་པའི་སློབ་གྲྭ་ཞིག་གི་ནང་བོད་རིགས་སློབ་མ་ཁག་ཅིག་ལ་རྒྱ་རིགས་སློབ་ཕྲུག་ཁག་གིས་གཅར་རྡུང་བྱས་འདུག་པའི་གནས་ཚུལ་ཞིག་གོ་རྒྱུ་ཡོད་པ་སོགས་རྒྱ་རིགས་ཚོས་མི་རིགས་དབྱེ་འབྱེད་བྱེད་ཀྱི་ཡོད་པ་རེད། ང་ཚོ་ས་གནས་སུ་རྒྱ་རིགས་སློབ་མར་རུབ་རྡུང་བྱས་པ་ཡིན་ན་གནས་ཚུལ་ག་འདྲ་ཆགས་ཀྱི་རེད་དམ་སོགས་བཤད།

གྲྭ་པ་ཚོས་སྐད་ཆ་བཤད་ཚར་པའི་རྗེས་ལ་ཨ་ལགས་རྫོང་དཀར་ཆེ་བ་ཚང་ཟེར་བའི་སྐྱ་བོའི་བླ་མ་ཞིག་ཡོད་པ་ཁོང་ནི་གྲོས་ཚོགས་ཀྱི་འཐུས་མི་ཡིན་པ་འདྲ། ཁོང་གིས་ཁ་བཏགས་ཆེན་པོ་ཞིག་བཟུང་ནས་སླེབས་སོང་། ཁོང་ནས་དེ་རིང་གནས་ཚུལ་ཚང་མ་ཡག་པོ་བྱུང་སོང་། ད་དགོན་པར་ལོག་ཕྱིན་ན་ལེགས་ཚུལ་གསུང་སོང་པར། གྲྭ་པ་ཞིག་ནས་ཁོང་ལ་ཚིག་ཅུང་ཟད་བདེ་བོ་མེད་པ་ཞིག་བཤད་སོང་། སྐབས་དེར་ངའི་སེམས་ལ། ཨ་ཁ་དེ་འདྲ་རང་ད་མ་ལབ་ན་ཆོག་པ་ལ་བསམ་སོང་།
སྐབས་དེར་སྐད་ཆ་བཤད་མཁན་བདུན་བརྒྱད་ཙམ་བྱུང་སོང་། ཚང་མ་གསལ་བོ་ཞིག་དྲན་གྱི་མི་འདུག །ངའི་དྲན་པ་ནི། ཆུ་སྐྱེས་དགེ་འདུན་བསམ་གཏན་དང་། འཇིགས་མེད་བསྟན་འཛིན། རོང་པོ་བློ་བཟང་སྙན་གྲགས་སོགས་རེད། དེ་ནས་རོང་བོ་སྡེ་བདུན་གྱི་ཁ་འགོ་བ་ཡིན་ཟེར་བའི་རྒད་པོ་ཁ་ཤས་ཀྱིས་ཁ་བཏགས་བཟུང་ནས་སླེབས་སོང་། ཁོང་ཚོའི་ཞུ་བ་མང་པོ་འཐེན་པར་བརྟེན་ང་ཚོས་སྐད་འབོད་བྱེད་བཞིན་དགོན་པར་ལོག་པ་རེད།”རང་སྐྱོང་གཞན་བདག་བྱས་མི་ཆོག” “ལྷ་ས་ལ་དྲག་གནོན་བྱས་མི་ཆོག” ཟེར་བ་ཉིན་དེའི་འབོད་ཚིག་ཅིག་རེད། ངས་འབོད་ཚིག་དེ་ད་ལྟ་ཡང་གསལ་བོར་དྲན་གྱི་འདུག །
ང་ཚོའི་སྐད་འབོད་ཁྲོམ་སྐོར་བྱས་པའི་ལོ་ནི། ཕྱི་ལོ་༡༩༨༩ ལོར་པེ་ཅིང་ལ་དྲག་གནོན་བྱས་པའི་ལོ་དེར་རེད། དུས་ཚོད་ཀྱང་པེ་ཅིང་ལ་དྲག་གནོན་མ་བྱས་པའི་ཉིན་ཁ་ཤས་སྔོན་ལ་རེད། སྐད་འབོད་བྱས་པའི་ཉིན་ཁ་ཤས་རྗེས་སུ་པེ་ཅིང་དུ་དྲག་གནོན་བྱས་པའི་གནས་ཚུལ་གོ་སོང་།
ཉིན་དེར་གནས་ཚུལ་སྡུག་པོ་དེ་འདྲ་གང་ཡང་མ་བྱུང་བ་དང་། གྲྭ་པ་རྣམས་ཀྱང་བདེ་ཐང་ངང་དགོན་པར་ལོག་ཐུབ་པ་བྱུང་ཡོད།

ཉིན་དེར་གནས་ཚུལ་ཁྱད་མཚར་བོ་ཞིག་བྱུང་ཡོད་པ་ནི། ཉིན་གུང་གི་ཚོགས་ལ་གྲྭ་པ་རྒན་པ་དང་ཆུང་ཆུང་ཁ་ཤས་ཤིག་མ་གཏོགས་མང་ཆེ་བ་ཞིག་སྐད་འབོད་དུ་ཕྱིན་པས། ཉིན་གུང་གི་སྦྱིན་བདག་ཚོས་ཚོགས་སྐལ་འགྲེམ་སྤྲོད་ཐུབ་ཡོད་པ་མ་རེད། ཕྱི་དྲོར་ཚོགས་ལ་ཚོགས་སྐབས་གཉེར་བ་བྲག་དཀར་དགེ་འདུན་ཡར་འཕེལ་ལགས་ནས་ཚོགས་སྐལ་འགྲེམས་དུས། ཡ་ཁྱེད་ཡར་ལངས་ལ་འགྲོ་མཁན་རེད་ཟེར་ནས་ཚོགས་སྐལ་སྤྲད་པ་དང་། ཡར་ལངས་ལ་ཕྱིན་མེད་མཁན་ཚོར། ཡ་ཁྱེད་ལ་ཚོགས་སྐལ་སྤྲད་ཚར་ཡོད་པས་ཁྱེད་ལ་ཡོད་པ་མ་རེད་ལབ་པར་བརྟེན། ཡར་ལངས་ལ་ཕྱིན་མེད་མཁན་རྣམས་མངོན་གསལ་དོད་པོ་འདྲ་བོ་ཞིག་ཆགས་སོང་བ་རེད། ཁོང་ནས་རྐང་བཙུགས་ནས་དེ་ལྟར་བྱས་པ་མིན་ཀྱང་། ཉིན་དེར་སྐད་འབོད་ལ་འགྲོ་མེད་མཁན་ཚོ་ངོ་གནོང་དགོས་པའི་གནས་ཚུལ་བྱུང་བ་རེད།

གྲྭ་པ་རྣམས་འཛིན་བཟུང་དང་འདྲི་གཅོད།

སྐད་འབོད་རྗེས་སུ་གྲྭ་པ་རྒན་པ་ཁ་ཤས་ནས་སློབ་གསོ་མང་པོ་བཏང་སོང་། ད་ཐེངས་ཁྱེད་རང་ཚོའི་ལས་ཀ་ཡག་པོ་བྱུང་སོང་། རྙོག་གྲ་ཡང་ཆེན་པོ་ལངས་མ་སོང་། ད་ཡིན་ན་འགྲིག་པ་རེད། ད་མང་པོ་མང་པོ་ཞིག་མ་བྱས་ན་ལེགས་ཟེར། ཉིན་ཞིག་རྒན་འཇིགས་མེད་ཐེག་མཆོག་གིས་དཔེ་ཁྲིད་རྗེས་ང་རང་ཟུར་དུ་སྐད་བཏང་ནས་འདི་ལྟར་གསུང་སོང་། ད་འགྲིག་པ་རེད། ཁྱེད་རང་གི་འདོད་པ་ཚང་མ་བྱས་ཚར་རེད། གྲྭ་པ་ཚོའི་ཁྲོད་ཁ་ཤོམ་མང་པོ་མ་བཤད། ངས་མང་པོ་ཞིག་བྱས་པ་ཡིན་ཟེར་ནས་ཁ་ཤོམ་བཤད་ན་རྗེས་མར་དཀའ་ངལ་འཕྲད་ཀྱི་རེད་གསུང་སོང་།
སྐད་འབོད་བྱས་ནས་ཟླ་བ་གཅིག་ཙམ་གྱི་རྗེས་ལ་གྲྭ་བ་རྣམས་འཛིན་བཟུང་བྱེད་པའི་འགོ་བཙུགས་པ་རེད། གྲྭ་པ་རྣམས་འཛིན་བཟུང་མ་བྱས་སྔོན་གྱི་ཉིན་ཁ་ཤས་རིང་གཉན་ཐོག་ནས་ཡིན་པའི་ཉེན་རྟོག་པ་དར་རྒྱས་ཟེར་བ་དང་། དཔའ་རིས་ནས་ཡིན་པའི་ཤ་བོ་ཟེར་བའི་ཉེན་རྟོག་པ་དེ་གཉིས་ཐོས་བསམ་གླིང་གི་སྒོ་འགྲམ་ན་ཆུ་ཀ་ལ་ཡོད་སར་ཆུ་ཐེངས་ཁ་ཤས་ལ་འཐུང་གི་ཡོད་པ་གྲྭ་པ་ཁ་ཤས་ཀྱིས་མཐོང་འདུག །སྐབས་དེར་ང་རང་ལ་དགོན་པའི་ནང་གྲྭ་ཤག་ཡོད་པ་མ་རེད། རོང་བོ་ལྷ་སྡེའི་ཁྱིམ་ཚང་ཞིག་ན་བསྡད་ཡོད། དགེ་ཐོན་སློབ་གྲྭའི་རྒྱབ་ལོགས་ཀྱི་ཨ་ཅེ་ཚེ་རིང་མཚོ་ཟེར་བ་དེའི་ནང་བསྡད་ཡོད། ཁང་པ་དེ་ཨ་ཁུ་འཕྲིན་ལས་རྒྱ་མཚོ་བརྒྱུད་ནས་གཡར་པ་རེད། ཉིན་ཞིག་ཨ་ཁུ་འཕྲིན་ལས་རྒྱ་མཚོ་དང་ངེད་གཉིས་ཁང་པའི་ཁྱམས་ཤར་ཉིན་གུང་ཟ་མ་ཟ་བཞིན་བསྡད་ཡོད། ཉེན་རྟོག་པ་དར་རྒྱས་ཟེར་བ་དེས་སྒོ་བརྡུངས་ནས་སླེབས་སོང་། ཁོས་ཨ་ཅེ་ཚེ་རིང་མཚོ་ནང་དུ་ཡོད་དམ་ཟེར། ཨ་ཅེ་ཚེ་རིང་མཚོ་ནམ་རྒྱུན་ཟི་ལིང་དུ་སྡོད་ཀྱི་ཡོད་པ་དང་ནང་དུ་མཚམས་མཚམས་ལ་མ་གཏོགས་ཡོང་གི་ཡོད་པ་མ་རེད་ཅེས་ལབ། ངའི་སེམས་ནང་དུ་ཁོས་ག་རེ་བྱས་ནས་ཨ་ཅེ་ཚེ་རིང་མཚོ་འཚོལ་གྱི་ཡོད་དམ་བསམ་ནས་ཡ་མཚར་སོང་། མདོ་བ་བསྟན་འཛིན་དང་བསམ་གཏན་གཉིས་ཀྱི་གྲྭ་ཤག་ནི་ཆུ་ཀ་ལ་ཡོད་ས་དེ་ཡིན་པས། ཉེན་རྟོག་པ་ཡོང་ནས་ཆུ་ཡང་ཡང་བཏུང་གི་ཡོད་པ་དེར་ཁོང་ཚོས་སོ་ཉུལ་བྱེད་ཀྱི་ཡོད་པ་རེད་འདུག།།
དགུང་མོ་དེར་ཆར་བ་ཤུགས་ཆེན་པོ་ཞིག་བཏང་སོང་། ངའི་ཁང་པ་དེ་རྡོ་སོལ་བཙོང་ས་དང་ཐག་ཉེ་བོ་ཡོད་པར་བརྟེན་ཁང་པའི་ཁྱམས་རའི་ནང་རྡོ་སོལ་གྱི་ཐལ་བས་ནག་པོ་བཟོས་འདུག །ངས་ཆར་བའི་ཆུ་བེད་སྤྱད་ནས་ཁྱམས་ར་ཚང་མ་གཙང་མ་ཞིག་བཀྲུས་པས་ཐང་ཆད་སོང་། དེ་ནས་མར་ཉལ་བསྡད་ཡོད་པའི་སྐབས་སུ་ཆུ་ཚོད་བཅུ་དང་ཕྱེད་ཀ་ཙམ་ལ་སྒོ་རྡུང་སོང་། ངའི་སྤུན་མཆེན་རྒན་པའི་སྐད་འདྲ་བོ་ཞིག་ཐོས་སོང་པས། སེམས་ནང་འདི་འདྲའི་འཕྱི་བོ་ཞིག་ལ་གནས་ཚུལ་ག་རེ་བྱུང་བ་ཡིན་ནམ་བསམ་སྟེ་མགྱོགས་པོར་སྒོ་ཕྱེ་དུས། སྒོ་འགྲམ་དུ་ཉེན་རྟོག་པ་ཁ་ཤས་སླེབས་འདུག །བོད་པ་ཚོས་མགྲོན་པོ་རྣམས་དང་པོ་ཡར་འབོད་སྲོལ་ཡོད་པ་ལྟར། ངས་ཡར་ཤོག་ལབ་དུས། ཁོ་ཚོས་ཡ་ཡ། ཨ་ཁུ་ཁྱེད་རང་ཡར་ཕེབས་ཟེར་བཞིན་ཁོ་ཚོ་ངའི་རྗེས་འབྲང་ནས་སླེབས་སོང་། ཁང་པའི་ཕྱི་ལོགས་སུ་ཡང་ཉེན་རྟོག་པ་མང་པོ་ཞིག་ཡོད་པ་རྗེས་ནས་ཤེས་སོང་། ཁང་པ་དེའི་ཟུར་གཅིག་ན་ཁ་ཆེའི་སྐྱེས་སྨན་ཞིག་ལ་ཁང་གླ་གཡར་བཏང་ཡོད་ཀྱང་སྐབས་དེར། མོ་རང་ནང་དུ་བསྡད་མེད་པར་ཁོ་མོའི་སྤུན་ཉེ་ཕོ་གསར་གཉིས་བསྡད་འདུག །ཁོང་གཉིས་བདེན་དཔང་ལྟ་བུར་ཡར་ལངས་བཅུག་སོང་། ཁོ་གཉིས་ནི་ཞེད་སྣང་གིས་གཟུགས་པོ་ཡང་འདར་སིག་རྒྱག་བཞིན་འདུག །
དེ་ནས་ཉེན་རྟོག་པ་རྣམས་ཀྱིས་ང་སྡོད་སའི་ཁང་མིག་ལ་སྔོག་བཤེར་བྱས་སོང་། སྐབས་དེར་ཉེན་རྟོག་པ་རྣམས་ཀྱིས་སྐུད་མེད་ཁ་པར་ནང་ཕན་ཚུན་ལ་སྐད་ཆ་མང་པོ་ཞིག་བཤད་ཀྱི་འདུག །
སྔོན་མ་གྲོགས་པོ་ཞིག་དང་ངེད་གཉིས་ཀྱིས་ཡི་གེ་ཞིག་སྦྱར་པ་ཡིན། ཡི་གེ་དེའི་མ་ཕྱི་ངའི་གྲོགས་པོ་དེས་ཉར་བསྡད་ཡོད་ཀྱང་། ང་རང་འཛིན་བཟུང་མ་བྱས་པའི་ཉིན་ཤས་སྔོན་གྲོགས་པོ་དེའི་ས་ནས་ཡི་གེ་དེ་ཁྱེར་ཡོང་ནས་ངའི་སྔས་མགོའི་འོག་ཏུ་ཉར་ཡོད་པ་དེ་ཉེན་རྟོག་པའི་ལག་ཏུ་ཚུད་སོང་། དེ་བཞིན་དགོན་པའི་ནང་སྔ་རྗེས་སྦྱར་འགྲེམས་བྱས་པའི་ཡིག་ཆ་མང་པོ་ཞིག་ཉར་ཡོད་པ་དེ་ཚོའི་སྐོར་ལ་ཁོ་ཚོས་སྐད་ཆ་དྲིས་སོང་བར། ངས་ཡི་གེ་འདི་ཚོ་ས་ཐོག་ནས་རྙེད་སོང་ལབ་པ་ཡིན། ཡི་གེ་མ་ཕྱི་དེའི་སྐོར་ལ་སྐད་ཆ་མང་པོ་ཞིག་དྲིས་སོང་བར་ཡི་གེ་དེ་འབྲི་མཁན་རང་ཉིད་ཡིན་ལབ་པར་ཁོ་ཚོས་ཁྱེད་ཀྱིས་བྲིས་པ་ཞིག་མ་རེད། ཡི་གེ་དེའི་ཡོང་ཁུངས་སུ་ཡིན་མིན་བཤད་དགོས་ཀྱི་ཡོད་ཟེར་ནས་འདྲི་བརྩད་མང་པོ་བྱས་སོང་། ངའི་སྡོད་སར་སྔོག་བཤེར་བྱས་ནས་མཚན་གྱི་ཆུ་ཚོད་གཉིས་བར་དུ་ལྷགས་སོང་། དེ་ནས་ང་ཉེན་རྟོག་པའི་རླངས་འཁོར་ནས་བཅུག་ནས་ཁྲིད་འགྲོ་དུས་དགོན་པའི་མཁར་སྒོ་ལ་སླེབས་པ་དང་། དགོན་པའི་མཁར་སྒོ་ན་ཡང་ཉེན་རྟོག་པའི་རླངས་འཁོར་ཁ་ཤས་འདུག སྐབས་དེར་ཁོ་ཚོས་རྒྱ་སྐད་ནང་”ཁོ་ཚོ་ད་དུང་འགྲོ་ཚར་མི་འདུག ཁོ་ཚོ་ད་དུང་ཡང་བསྡད་འདུག་” ཟེར་བ་ཐོས་དུས་ངའི་སེམས་ནང་། གྲྭ་པ་གཞན་པ་ཡང་འཛིན་བཟུང་བྱེད་ཀྱི་ཡོད་པ་འདྲ་བསམ་སོང་། དགུང་མོར་དེར་ཆུ་སྐྱེས་བསམ་གཏན་ཡང་འཛིན་བཟུང་བྱས་འདུག །དགུང་མོར་དེར་ལྟ་སྲུང་ཁང་གི་ནང་བཅུག་སོང་། ངའི་བཙོན་གྲོགས་རྒྱ་མཁར་ནས་ཡིན་པའི་ཁ་ཆེ་ཕོ་གསར་ཞིག་འདུག །སང་ཉིན་ང་རང་ཁང་མིག་ནང་བཅུག་ནས་ཕྱི་ལོགས་ལ་བཏང་མ་སོང་། འོན་ཀྱང་། ངའི་སྡོད་རོགས་ཁ་ཆེའི་ཕོ་གསར་དེ་ར་སྐོར་ནང་འགྲོ་ཆོག་གི་འདུག་པས་ངས་ཁོང་ལ་བཙོན་པ་གསར་པ་དེ་འདྲ་ཨེ་འདུག་ལྟ་རོགས་ལབ་པ་ཡིན། དགུང་མོར་ཁོས་བཙོན་པ་གསར་པ་འདི་འདྲ་ཞིག་འདུག་ཟེར་ནས་འགྲེལ་བཤད་རྒྱབ་སོང་པར་བཙོན་ཁང་དེའི་ནང་ཆུ་སྐྱེས་བསམ་གཏན་ཡང་ཡོད་པ་ཤེས་རྟོགས་བྱུང་།

མདོ་བ་བསྟན་འཛིན་དགུང་མོ་དེར་འཛིན་བཟུང་བྱས་མི་འདུག །ཁོ་རང་ཕ་ཡུལ་ལ་ནང་མིར་ཐུག་པར་ཕྱིན་ཡོད་པའི་སྐབས་ཉེན་རྟོག་པ་ཚོ་ཁོའི་ཕ་ཡུལ་དུ་འཛིན་བཟུང་བྱེད་པར་སླེབས་སོང་ཟེར། ཁོང་གིས་རྗེས་སུ་ང་ལ་བཤད་རྒྱུར། ཁོ་ཚོ་ཕ་ཡུལ་མདོ་བ་འབྲོག་ལ་ཡོང་བ་ཡག་པོ་བྱུང་མ་སོང་། ཕ་མ་ཡོད་ས་ནས་འཛིན་བཟུང་བྱས་སོང་པས་ཕ་མ་གཉིས་ལ་སེམས་ཁྲལ་སྤྲད་སོང་ཟེར། ང་ལ་འདྲི་གཅོད་མང་པོ་བྱས་སོང་། ཉིན་རྗེས་མ་དེར་ང་ཚོ་ཚང་མ་བརྙན་པར་ཞིག་རྒྱབ་སོང་། བརྙན་པར་རྒྱག་དུས་དམག་མི་གཉིས་ཀྱིས་དཔུང་པ་གཡས་གཡོན་དུ་འཇུས་ནས་ཁྲིད་བཞིན་པ་དང་། དེ་ནས་ལྕགས་དྲ་ཞིག་གི་ནང་བཅུག་ནས་མི་ཞིག་གིས་སྐད་ཆ་འདྲི་གི་ཡོད་པའི་བཟོ་ལྟ་འདྲ་བོ་ཞིག་བརྙན་པར་རྒྱབ་སོང་། སྐད་ཆ་གཅིག་ཀྱང་བཤད་ཡོད་པ་མ་རེད། བརྙན་པར་རྒྱབ་དུས་འཁྲབ་སྟོན་ལྟ་བུ་ཞིག་རེད། རྗེས་སུ་གོ་ཐོས་ལ་ང་ཚོའི་བརྙན་པར་དེ་རྨ་ལྷོའི་བརྙན་འཕྲིན་ཁང་གི་གསར་འགྱུར་ནང་བསྟན་ཡོད་འདུག །དེ་ནས་ང་རང་ཟླ་བ་བཞིའི་རིང་བཀག་ཉར་བྱས་སོང་། སྐབས་དེའི་ཡར་ལངས་ངོ་རྒོལ་དུ་འགྲོ་མཁན་ད་ལྟའི་སྤྱི་ཟུར་རོང་པོ་བློ་བཟང་སྙན་གྲགས་སོགས་རེབ་གོང་རོང་བོ་དགོན་པའི་གྲྭ་པ་ཉི་ཤུ་ཙམ་ཞིག་བཙོན་ཁང་དུ་བཙན་ཁྲིད་བཀག་ཉར་དང་འདྲི་གཅོད་བྱས་པ་རེད།
ང་རང་བཙོན་ཁང་ནང་ཡོད་པའི་སྐབས་དེར། བཙོན་ཁང་དེའི་ནང་གཅན་ཚ་ངང་རོང་ནས་ནས་ཡིན་པའི་གྲྭ་པ་ལེགས་བཤད་དང་གྲྭ་པ་གཞན་གཅིག་ཀྱང་བཀག་ཉར་བྱས་འདུག །ཁོང་གཉིས་ས་གནས་ཀུང་ཧྲེའི་ལས་ཁུངས་ཀྱི་རྒྱ་མིའི་རྒྱལ་དར་མར་ཕབ་ནས་གངས་སེང་གི་རི་མོ་ཅན་གྱི་དར་ཆ་བསྒྲེངས་པ་ལ་བརྟེན་ནས་འཛིན་བཟུང་བྱས་པ་ཡིན་འདུག །

ཕྱི་ལོ་༡༩༨༧ ལོར་འཛིན་བཟུང་།

རྒྱལ་གཅེས་པ་སྐུ་གཤེགས་ལྕང་སྐྱའི་དགེ་འདུན་རྒྱལ་མཚན་ལགས།


ལྕང་སྐྱའི་དགེ་འདུན་རྒྱལ་མཚན་སོགས་ནི། ༡༩༨༧ ལོར་ང་ཚོས་ཡར་ལངས་བྱེད་རྒྱུའི་གྲ་སྒྲིག་བྱས་ཀྱང་ཡར་ལངས་བྱེད་མ་ཐུབ་པའི་ལོ་དེའི་ཟླ་༡༡ ནང་འཛིན་བཟུང་བྱས་པ་རེད། ཕྱི་ལོ་༡༩༨༨ ལོ་གསར་སྐབས་ཁོ་ཚོ་ད་དུང་གློད་བཀྲོལ་བྱས་ཡོད་པ་མ་རེད། སྐབས་དེར་གྲྭ་པ་ཁ་ཤས་འཛིན་བཟུང་བྱས་པ་རེད།
ལྕང་སྐྱའི་དགེ་འདུན་རྒྱལ་མཚན་དང་། ཆུ་སྐྱེས་དགེ་འདུན་དཔལ་བཟང་། བྲག་དཀར་དགེ་འདུན་གྲགས་པ། ཚོ་བཞིའི་གྲགས་པ། ཧོར་རྒྱའི་དཔལ་ལྡན་བཅས་འཛིན་བཟུང་བྱས་པ་ལས་དགེ་འདུན་གྲགས་པ་དང་དཔལ་ལྡན་སོགས་མགྱོགས་པར་གློད་བཀྲོལ་བཏང་བ་དང་། དགེ་འདུན་རྒྱལ་མཚན་དང་དགེ་འདུན་དཔལ་བཟང་གཉིས་ཟླ་བ་དྲུག་ཙམ་རིང་བཀག་ཉར་བྱས་པ་རེད། སྐབས་དེར་དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་གཙོ་བོ་ཨ་ལགས་ཚོ་འདུ་(བླ་སྤྲུལ) ཚང་གིས་ཚོགས་འདུ་ཞིག་གི་སྐབས་འདི་ལྟར་གསུང་སོང་། ང་ཚོ་སྲིད་གཞུང་གི་མགོ་ཁྲིད་ཚོའི་སར་སོང་ནས་གྲྭ་པ་འདི་རྣམས་ལ་མ་ཉེས་ཁེག་གཡོག་བྱས་པ་རེད། གང་མགྱོགས་གློད་བཀྲོལ་གཏོང་རོགས་ཞུས་དུས། སྲིད་གཞུང་གི་མི་སྣས་གྲྭ་བ་འདི་ཚོར་མ་ཉེས་ཁག་གཡོགས་བྱས་མེད། ཁོ་ཚོའི་ཡི་གེ་འདི་འདྲ་བཏང་འདུག །ཡི་གེའི་མཇུག་དུ་”བོད་སྐྱོབ་གཞོན་ནུ་ལྷན་ཚོགས་ནས་” ཟེར་བ་ཞིག་བྲིས་འདུག །ད་དུང་བོད་སྐྱོབ་གཞོན་ནུ་ལྷན་ཚོགས་ཀྱི་ཐེངས་དང་པོའི་མེ་ལྕེ་དེ་མདོ་སྨད་རེབ་གོང་ནས་མཆེད་པ་སོགས་ཡིག་ཐོག་ནས་གསལ་བོ་བྲིས་འདུག་ཟེར། རྗེས་ནས་གོ་ཐོས་ལ་ཁོ་ཚོས་ཡི་གེ་གཏོང་སྟངས་ཅུང་ཟད་འགྲིག་མེད་པ་འདྲ། ཁ་བྱང་མི་འདྲ་ཡང་ཡི་གེ་གཅིག་པ་ཡིན་པའི་ཡིག་སྐོགས་མང་པོ་སྡེབ་གཅིག་ལ་སྦྲགས་ཁང་དུ་བསྐྱལ་བ་དང་། སྦྲགས་ཁང་གིས་དེ་ལ་དོགས་པ་ཟོས་ནས་ཡི་གེ་བསྔོག་པ་རེད་ཟེར་བ་ཞིག་ཐོས་སོང་།།

Share with your friends










Submit