ཟླ་བ་ ༡༢ ཚེས ༤ ༢༠༡༨
Published By བ་ར་ཡེ་ཤེས་ཀུན་གྲགས།

ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༤ རེས་གཟའ་མིག་དམར།


༄༅། །རྡ་ས་ས་གནས་འགོ་འཛིན་ལས་ཁུངས་དང་ཧི་མ་ལ་ཡ་ཁྱིམ་ཚང་Himalaya Pariwar ཞེས་པའི་ཚོགས་པས་གོ་སྒྲིག་འོག་ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༤ ཉིན་གྱི་ཕྱེད་ཡོལ་ ༢ ཙམ་ལ་རྡ་ས་མེག་གྷན་དུ་རྟེན་གཞི་བྱས་པའི་ཡོངས་གླིང་སློབ་གྲྭ་རུ་འཕགས་བོད་གཉིས་ཀྱི་འབྲེལ་ལམ་ཐོག་བགྲོ་གླེང་ཞིག་ཚོགས་ཡོད་པ་དང་། བགྲོ་གླེང་གི་སྐུ་མགྲོན་གཙོ་བོ་ཧི་མ་ཅལ་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་ར་ཇིབ་བྷིན་ཌལ་ Rajeev Bindal མཆོག་དང་། རྒྱ་གར་རྒྱལ་ཡོངས་དང་བླངས་ཞབས་ཞུ་ཚོགས་པའི་ RSS ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨིན་དེ་རེ་ཤི་ཀུ་མཱར་ Indresh Kumar མཆོག བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག རྡ་ས་ས་གནས་འགོ་འཛིན་ཟླ་བ་རིན་ཆེན་ལགས། དེ་བཞིན་རྡ་ས་ཁུལ་གྱི་མི་མང་ཁག་གཅིག་བཅས་འཛོམས་ཡོད།

དེ་ཡང་མཛད་སྒོའི་ཐོག་མ་རྡ་ས་ས་གནས་འགོ་འཛིན་ཟླ་བ་རིན་ཆེན་ལགས་ཀྱིས་མཛད་སྒོ་ངོ་སྤྲོད་གསུང་བཤད་གནང་གྲུབ་མཚམས་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་གིས་གསུང་བཤད་གནང་དོན། རྒྱ་གར་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་སྐུ་ཞབས་ Indresh Ji མཆོག་དང་ཧི་མ་ཅཱལ་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ར་ཇིབ་བྷིན་ཌལ་(Rajiv Bindal) མཆོག་གིས་དབུས་སྐུ་མགྲོན་རྣམ་པ་ཡོངས་ལ་ངས་བོད་མིའི་སྒྲིག་འཛུགས་དང་ང་རང་སྒེར་ངོས་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

བོད་དང་ཧི་མ་ལ་ཡའི་ཁྱིམ་དབར་གྱི་འབྲེལ་བའི་སྐོར་དང་། ལྷག་པར་འཛམ་གླིང་ཞི་བདེའི་སླད་ཧི་མ་ལ་ཡའི་ལས་འགན་། ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་གོ་སྒྲིག་གནང་ཡོད།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༡༩༨༧ ལོར་ཨ་རིར་ཞི་བའི་གྲོས་འཆར་དོན་ཚན་ལྔ་དང་། དེ་རྗེས་སི་ཊ་སི་སྦག་ཡོ་རོབ་གྲོས་ཚོགས་སུ་བོད་དེ་ཞི་བདེའི་བསྟི་གནས་སུ་བསྒྱུར་དགོས་སྐོར་ལམ་སྟོན་སྩལ་ཡོད། འོན་ཀྱང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་། ཁོར་ཡུག་སོགས་ཀྱི་གནས་སྟངས་ནི་དེ་སྔ་ཕྱི་ལོ་ ༡༩༥༩ དང་གཅིག་མཚུངས་ཡིན། 

རྒྱ་ནག་གཞུང་གིས་ངོས་ནས་བོད་ནང་གི་བོད་མིའི་མངོན་འདོད་ལ་བསམ་བློ་ཁྱོན་ནས་མ་བཏང་བར་བོད་ནང་གང་བྱུང་གཏེར་ཁ་སྔོག་འདོན་བྱས་པར་བརྟེན་བོད་ཁམས་དཀར་མཛེས་ཁུལ་དཔལ་ཡུལ་རྫོང་དང་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་སྤོ་ལོ་ཡུལ་ཚོའི་འབྲི་ཆུ་རྒྱུགས་ཡུལ་དུ་རི་ཉིལ་ནས་འབྲི་ཆུའི་བཞུར་རྒྱུན་ཚབས་ཆེ་འགག་ནས་མཚོ་ཆེན་པོ་དེ་འདྲ་ཆགས་པར་བརྟེན་ཧ་ལས་པའི་ཉེན་ཁ་ཆེན་པོ་ཆགས་ཡོད། 

དེ་བཞིན་བོད་མི་རྣམས་ཀྱི་འགྲོ་བསྐྱོད་ཀྱི་རང་དབང་ལ་དམ་དྲག་བྱས་པ་ཙམ་མ་ཟད། ཆོས་དད་རང་དབང་ཐོག་དམ་དྲག་དང་བོད་མིའི་ཐུན་མིན་ཆོས་དང་རིག་གཞུང་། སྐད་ཡིག ངོ་བོ་བཅས་རྩ་མེད་གཏོང་རྒྱུའི་སྲིད་བྱུས་འཛིན་བཞིན་ཡོད། རྒྱ་ནག་གཞུང་ནས་བོད་མི་རིགས་ལ་གཉའ་གནོན་དང་བཤུ་གཞོག དཔལ་འབྱོར་དབྱེ་འབྱེད་སོགས་ཆེས་དྲག་གནོན་ཅན་གྱི་སྲིད་བྱུས་ལ་བོད་མི་རྣམས་བཟོད་ཐབས་བྲལ་ཏེ་བོད་མི་གྲངས་ ༡༥༣ གྱིས་རང་ལུས་མེར་སྲེག་བཏང་ཡོད།

འདི་ལོའི་ཕྱི་ཟླ་ ༩ ནང་ཨ་རི་གྲོས་ཚོགས་འོག་མའི་ཁྲིམས་དོན་ཚོགས་ཆུང་ནས་བོད་ནང་ཕར་འགྲོ་ཚུར་འོང་གི་གོ་སྐབས་འདྲ་མཉམ་གྱི་ཁྲིམས་འཆར་ Reciprocal Access to Tibet Act ཞེས་པ་སྤྱི་མོས་ཀྱི་ཐོག་ནས་གཏན་འབེབས་གནང་ཡོད། དེ་བཞིན་ཕྱི་ཟླ་ ༡༡ ཚེས་ ༢༨ ཉིན་ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ལྷན་ཁང་གིས་བོད་ནང་ཕར་འགྲོ་ཚུར་འོང་གི་གོ་སྐབས་འདྲ་མཉམ་གྱི་ཁྲིམས་འཆར་ལ་རྒྱབ་སྐྱོར་གནང་ཡོད། གྲོས་ཆོད་དེས་བོད་ནང་ཕྱི་རྒྱལ་གཞུང་འབྲེལ་མི་སྣ་དང་རང་དབང་ཅན་གྱི་གསར་འགོད་པ། ཡུལ་སྐོར་སྤྲོ་འཆམ་པ་སོགས་ལ་དམ་དྲག་རྩ་བ་ནས་མེད་པར་རང་དབང་ལྡན་པའི་ཐོག་ནས་འགྲོ་འོང་བྱ་རྒྱུའི་ཐོབ་ཐང་དགོས་པའི་དགོས་འདུན་འདོན་བཞིན་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་རྗེས་སྐུ་མགྲོན་གཙོ་བོ་ཧི་མ་ཅལ་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་ར་ཇེཝ་ Rajeev Bindal མཆོག་དང་ རྒྱ་གར་རྒྱལ་ཡོངས་དང་བླངས་ཞབས་ཞུ་ཚོགས་པའི་ RSS  ཚོགས་གཙོ་སྐུ་ཞབས་ཨིན་དེ་རེ་ཤི་ཀུ་མཱར་ལགས་རྣམ་གཉིས་ནས་གསུང་བཤད་གནང་ཡོད་པ་བཅས། །

Share with your friends










Submit