ཟླ་བ་ ༡༢ ཚེས ༦ ༢༠༡༨
Published By བ་ར་ཡེ་ཤེས་ཀུན་གྲགས།

ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༦ རེས་གཟའ་ཕུར་བུ།

 

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༥ ཉིན་གྱི་ཕྱི་དྲོར་འཇར་མ་ནི་གཞུང་གི་འགྲོ་བ་མིའི་ཐོབ་ཐང་གི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་གི་ཚོགས་གཙོ་ལྕམ་སྐུ་བྷར་སྦེལ་ཀོབ་ལར་ Barbel Kofler མཆོག་བོད་ནང་བལྟ་སྐོར་དང་། རྒྱ་ནག་གཞུང་གི་སྐུ་ཚབ་དང་ལྷན་ཉིན་གྲངས་གཉིས་རིང་བོད་དང་ཤིན་ཅང་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་གྲོས་མོལ་སླད་ཕེབས་གནང་འདུག
དེ་ཡང་ལྕམ་སྐུ་བྷར་སྦེལ་ཀོབ་ལར་མཆོག་ཐོག་མའི་འཆར་གཞིར་ཤིན་ཅང་ནང་དུ་འགྲོ་བསྐྱོད་ཆོག་པའི་རེ་འདུན་བཏོན་ཡོད་ནའང་རྒྱ་གཞུང་གི་དེར་ངོས་ལེན་མ་བྱས་པར་བརྟེན་ཐེངས་འདིའི་འགྲོ་བ་མིའི་ཐོབ་ཐང་གི་གྲོས་མོལ་དེ་ཕྱི་ཚེས་ ༦ དང་ ༧ བཅས་ཉིན་གྲངས་གཉིས་རིང་བོད་ཀྱི་རྒྱལ་ས་ལྷ་སར་འཚོགས་རྒྱུ་ཡིན་འདུག
ལྕམ་སྐུ་སྐུ་བྷར་སྦེལ་ཀོབ་ལར་མཆོག་གིས་རྒྱ་ནག་སྤྱི་དང་། ལྷག་པར་རྒྱའི་མངའ་ཁོངས་སུ་ཡོད་པའི་ཤིན་ཅང་དང་བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་སེམས་འཚབ་ཤུགས་ཆེ་བཏོན་གནང་བ་དང་འབྲེལ་གསུང་དོན། བོད་ནང་རྒྱ་གཞུང་གི་དྲག་གནོན་ཅན་གྱི་སྲིད་བྱུས་དང་། ཆོས་དད་རང་དབང་མེད་པའི་གནས་སྟངས། དེ་བཞིན་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོའི་ལས་གཞི་སོགས་ཀྱི་གནད་དོན་ཐད་སེམས་ཚབ་ཆེན་པོ་ཡོད་པ་དང་། ད་ལམ་ཤིན་ཅང་ནང་བལྟ་སྐོར་འགྲོ་མ་ཐུབ་ཀྱང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཛ་དྲག་ལ་གཞིགས་ན་གྲོས་མོལ་དེ་རྒྱལ་ས་ལྷ་སར་གནང་ཐུབ་པ་དེ་འོས་ཤིང་འཚམས་པ་ཞིག་ཡིན་ཞེས་གསུང་གནང་འདུག
ཐེངས་འདིར་རྒྱ་གཞུང་གིས་ཇར་མ་ནི་གཞུང་འབྲེལ་སྐུ་ཚབ་བོད་ནང་འགྲོ་བསྐྱོད་ཆོག་མཆན་སྤྲད་པ་དེ་ཕྱི་ལོ་ ༢༠༡༥ ལོར་ལྕམ་སྐུ་ནེན་སི་པེ་ལོ་སི་ Nancy Pelosi མཆོག་གིས་སྣེ་འཁྲིད་པའི་ཨ་རིའི་གྲོས་ཚོགས་འཐུས་མི་ཁག་གཅིག་བོད་ནང་ཕེབས་པ་ནས་བཟུང་ད་རེས་ཐེངས་དང་པོ་དེ་ཆགས་ཡོད་པ་དང་། སྤྱིར་ཨ་རིའི་ Freedom House ཞེས་པའི་རྒྱལ་སྤྱིའི་མང་གཙོ་དང་། ཆབ་སྲིད། འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཞིབ་འཇུག་ཚོགས་པའི་ལོ་འཁོར་སྙན་ཐོར་གཞིགས་ན་བོད་ནང་བལྟ་སྐོར་འགྲོ་རྒྱུ་དེ་བྱང་ཀོ་རི་ཡ་ལས་ཁག་པ་ཡོད་པ་རེད་ཞེས་འཁོད་ཡོད། །

Share with your friends










Submit