ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༡༢ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༡༠ དང་ཚེས་ ༡༡ བཅས་ཉིན་གཉིས་རིང་བཞུགས་སྒར་དུ་རྟེན་གཞི་བྱས་པའི་ཧིན་བོད་མཛའ་འབྲེལ་ཚོགས་པ་དང་། རྡ་ས་ས་གནས་འགོ་འཛིན་ལས་ཁུངས་ཟུང་སྦྲེལ་ཐོག་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ཧི་མཱ་ལ་ཡའི་དུས་སྟོན་ཐེངས་ ༢༣ མཇུག་སྡོམ་མཛད་སྒོ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་དེ་མི་ལོ་ ༢༩ འཁོར་བ་བཅས་དུས་ཆེན་གཉིས་འཛོམས་ཀྱི་མཛད་སྒོ་ཞིག་སྲུང་བརྩི་གཟབ་རྒྱས་ཞུས་ཡོད།
སྐབས་དེར་མཛད་སྒོའི་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་དང་། དམིགས་བསལ་སྐུ་མགྲོན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཱ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག གཞན་ཡང་བོད་མི་མང་སྤྱི་འཐུས་རྒྱུན་ལས་དང་། ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ། ས་གནས་གནད་ཡོད་མི་སྣ། དེ་བཞིན་ས་གནས་བོད་མི་དང་ཕྱི་ནང་གི་གསར་འགོད་པ་བཅས་ཕེབས་ཡོད།
དེ་ནས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་ཧིན་བོད་མཛའ་འབྲེལ་ཚོགས་པ་འཛུགས་དགོས་པའི་དམིགས་ཡུལ་ནི། རིག་གཞུང་དང་ཆོས་ལུགས་འདྲ་མིན་གྱི་མི་མང་ཕན་ཚུན་དབར་མཛའ་བརྩའི་འབྲེལ་ལམ་གོང་འཕེལ་བཏང་བ་བརྒྱུད་འཆམ་མཐུན་གྱི་སྤྱི་ཚོགས་བསྐྲུན་རྒྱུ་ཡིན་པ་དྲན་སྐུལ་བཏང་བ་སྦྲགས་གསུང་དོན། “ད་བར་ང་ཚོ་ཕན་ཚུན་དབར་འཆམ་མཐུན་དང་མཉམ་རུབ་ཐོག་ནས་མི་ཚེ་སྐྱེལ་བ་རེད། མ་འོངས་པར་ཡང་ང་ཚོ་ཕན་ཚུན་དབར་མུ་མཐུད་དམ་ཚིག་གཙང་མ་གནས་དགོས་པ་ཧ་ཅང་གལ་ཆེན་པོ་རེད། “ ཅེས་གསུངས།
དེ་རྗེས་དམིགས་བསལ་སྐུ་མགྲོན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་གིས་དེ་སྔོན་ཧི་མཱ་ཡའི་དུས་སྟོན་འགའ་ཤས་སུ་བཅར་རྒྱུའི་གོ་སྐབས་བྱུང་བ་དང་། ཧིན་བོད་མཛའ་འབྲེལ་ཚོགས་པས་ལས་དོན་བྱེད་ཕྱོགས་དང་དུས་སྟོན་སྲུང་བརྩི་ཞུ་ཕྱོགས་ཐད་བསྔགས་བརྗོད་གནང་བ་དང་སྦྲགས། འཕགས་བོད་གཉིས་ལོ་རྒྱུས་ཐོག་ནས་ཆོས་དང་རིག་གཞུང་གྱི་འབྲེལ་ལམ་བཟང་པོ་རྒྱུན་སྲིང་བྱ་རྒྱུ་ཧ་ཅང་གལ་ཆེ་ཡིན་སྐོར་དང་། ཡུལ་གཉིས་དབར་ཐུན་མིན་གྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོའི་ཆེད་ཕན་ཚུན་མཉམ་རུབ་ཐོག་ནས་ཕྱག་ལས་གནང་དགོས་པ་གལ་ཆེ་ཡིན་སྐོར་གསུངས།
འདས་པའི་ལོ་མང་རིང་འཕགས་བོད་ཡུལ་མི་ཐུན་མོང་ཐོག་མཉབ་རུབ་ཀྱིས་འབད་བརྩོན་བྱས་པའི་འབྲས་བུར་དུས་སྟོན་འདི་བཞིན་ད་བར་ལམ་ལྷོངས་ཚགས་ཚུད་ལྡན་པའི་ཐོག་ནས་སྲུང་བརྩི་ཞུས་ཐུབ་པ་བྱུང་ཡོད། དེ་ཡང་གཙོ་ཆེར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་བཀྲིན་ལ་བརྟེན་ནས་བོད་མི་དང་ས་གནས་ཡུལ་མི་དབར་འཆམ་མཐུན་གྱི་འཚོ་བར་རོལ་ཐུབ་པ་བྱུང་ཡོད། ཅེས་གསུངས།
མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་བོད་ཀྱི་འགྲེམ་སྟོན་ཁང་ནས་ “འཕགས་བོད་གཉིས་ཀྱི་འདས་པ་དང་མ་འོངས་པ། ད་ལྟ་བཅས་ཀྱི་འབྲེལ་ལམ་” ཐོག་པར་རིས་འགྲེམས་སྟོན་དང་། བོད་གཞུང་སྨན་རྩིས་ཁང་གིས་གསོ་བ་རིག་པའི་འགྲེམས་སྟོན་ཞིག་གོ་སྒྲིག་གནང་བ་བཅས། །