Published By སྐལ་བཟང་རྒྱ་མཚོ།

ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༢༡ རེས་གཟའ་ལྷག་པ། 

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༢༠ ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་དང་འབྲུག་པ་སོགས་ཁྱོན་མི་གྲངས་ ༣༠༠ ལྷག་ཙམ་ལ་དམིགས་བསལ་མཇལ་ཁ་དང་བཀའ་སློབ་སྩལ་རྗེས་ཉི་ཧོང་གི་རྒྱལ་ས་ཊོ་ཀེ་ཡའོ་ནང་རྟེན་གཞི་བྱས་པའི་ཉི་ཧོང་གྲོས་ཚོགས་ཀྱི་ཚོགས་ཁང་དུ་ཞབས་ཀྱིས་བཅགས་སྐབས་ཉི་ཧོང་རྒྱལ་ཡོངས་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་ All Party Japanese Parliamentary Group for Tibet པའི་ཚོགས་མི་ཡོངས་ནས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད།

སྐབས་དེར་གྲོས་ཚོགས་འཐུས་མི་རྣམ་པས་ཁོང་ཚོའི་འཆར་གཞི་དང་གྲོས་ཆོད་ཁག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྙན་སྒྲོན་དང་སྦྲགས། བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་སྲུང་སྐྱོབ་ཀྱི་ཆེད་དུ་ཞབས་འདེགས་སྒྲུབ་རྒྱུ། དེ་བཞིན་བོད་ནང་གི་ཤེས་ཡོན་དང་དཔལ་འབྱོར་ཡར་རྒྱས་ཀྱི་ཆེད་རྒྱབ་སྐྱོར་གནང་རྒྱུ་དང་།  རྒྱ་ནག་གཞུང་ལ་བོད་ནང་གི་བོད་མི་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་གཏོང་དགོས་པའི་འབོད་སྐུལ་ཞུས་སྐོར།  ལྷག་པར་འཛམ་གླིང་གི་རྒྱབ་ཁབ་ཚང་མར་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་བྱེད་དགོས་པའི་བཟང་སྤྱོད་ཀྱི་འགན་ཞིག་ཡོད་སྐོར་སྙན་སྒྲོན་ཞུས།    

སྐབས་དེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློོབ་སྩལ་དོན། ངོས་རང་ཉི་ཧོང་གི་གྲོས་ཚོགས་འཐུས་མི་རྣམ་པ་ཚོ་དང་ཐུག་འཕྲད་བྱེད་རྒྱུའི་གོ་སྐབས་བྱུང་བར་ཧ་ཅང་དགའ་པོ་བྱུང་། ཉི་ཧོང་དང་བོད་ཀྱི་འབྲེལ་བ་ནི་༸རྒྱལ་དབང་སྐུ་ཕྲེང་༡༣ པའི་སྐབས་ནས་བྱུང་བ་ཞིག་རེད། དེ་ནས་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་སུ་འབྲེལ་བ་ཆད་པ་རེད། གང་ལྟར་ཉི་ཧོང་ནི་ཨེ་ཤེ་ཡའི་རྒྱལ་ཁབ་གལ་ཆེན་ཞིག་ཡིན་པ་མ་ཟད།  ང་ཚོ་དང་ཉི་ཧོང་དབར་ཆོས་ཕྱོགས་ཀྱི་འབྲེལ་བ་གཏིང་ཟབ་ཡོད།     

ཉི་ཧོང་ནི་ཧ་ཅང་ཡར་ཐོན་ཅན་གྱི་རྒྱལ་ཁབ་ཅིག་ཡིན་པ་མ་ཟད། མང་གཙོ་དང་རང་དབང་ལ་གཙིགས་ཆེར་འཛིན་བཞིན་ཡོད། ངོས་ཀྱིས་ཁྱེད་རྣམ་པ་ཚོས་བོད་དོན་རྒྱབ་སྐྱོར་གནང་བཞིན་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རྒྱ་ནག་གི་ཡིག་ཆ་ཁག་གཅིག་གི་ནང་འཁོད་པ་ལྟར་ན། དུས་རབས་བདུན་པ་དང་། བརྒྱད་པ། དགུ་པའི་ནང་བོད་དང་། སོག་པོ། རྒྱ་ནག་བཅས་རང་བཙན་གཙང་མའི་རྒྱབ་ཁབ་ཡིན་པ་འཁོད་འདུག  འོན་ཀྱང་ད་ཆ་ང་ཚོས་རང་བཙན་རྩོད་ཀྱི་མེད། ང་ཚོར་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ཚད་ལྡན་ཞིག་བྱུང་བ་ཡིན་ན་ང་ཚོ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནང་སྡོད་འདོད་ཡོད། ངོས་རང་ཡུ་རོབ་སྤྱི་མཐུན་ཚོགས་པ་ལྟ་བུར་ཡིད་སྨོན་བྱེད་མཁན་ཞིག་ཡིན། ཞེས་སོགས་ཀྱི་བཀའ་སློབ་སྩལ། 

ཉི་ཧོང་རྒྱལ་ཡོངས་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཞི་མོ་མུ་ར་ཧ་ཀུ་བྷུན་ Mr. Shimomura Hakubun ལགས་ཀྱིས། འཛམ་གླིང་མི་མང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ལམ་སྟོན་ལ་བརྩི་བཀུར་ཞུ་བཞིན་ཡོད། ང་ཚོ་ཡང་སྐུ་ཉིད་ལ་ཡིད་སྨོན་ཧ་ཅང་ཞུ་མཁན་ཞིག་ཡིན། མགོན་པོ་གང་ཉིད་མཆོག་གི་བསླབ་བྱ་ནི། ང་ཚོར་མཚོན་ན་མུན་པ་སེལ་བའི་འོད་ཟེར་རེད། ཅེས་དང་། ང་ཚོས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཚོ་དང་ལྷན་བོད་དོན་ཆེད་ལས་ཀ་བྱེད་བཞིན་ཡོད། ང་ཚོ་ཚང་མའི་ཚབ་ཞུས་ཏེ་ངས་མགོན་པོ་གང་ཉིད་མཆོག་ང་ཚོའི་གྲོས་ཚོགས་སུ་ཆིབས་སྒྱུར་བཀའ་དྲིན་བསྐྱངས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་ཞུས།

ཉི་ཧོང་རྒྱལ་ཡོངས་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཞོན་སྐུ་ཞབས་ཝ་ཊ་ན་བྷེ་ Mr. Shu Watanabe ལགས་ཀྱིས། འདི་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉི་ཧོང་གྲོས་ཚོགས་ནང་གདན་འདྲེན་ཞུས་པ་ཐེངས་བཞི་པ་དེ་ཡིན་ཞིང་།    སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་བོད་མིའི་དབུ་ཁྲིད་ཡིན་ནའང་། མགོན་པོ་གང་ཉིད་མཆོག་གིས་འཛམ་གླིང་གི་མི་འབོར་ཐེར་འབུམ་བདུན་གྱི་བདེ་དོན་ཆེད་དུ་ཕྱག་ལས་གནང་གི་ཡོད་པ་མ་ཟད། ཉི་ཧོང་འཕྲུལ་ཆས་ཐོག་ནས་ཧ་ཅང་ཡར་རྒྱས་ཕྱིན་པ་དང་མཉམ་རང་གི་རིག་གཞུང་དང་སྲོལ་རྒྱུན་བཟང་པོ་རྣམས་མི་ཉམས་རྒྱུན་འཛིན་གནང་ཐུབ་ཡོད་པ་དེར་བསྔགས་བརྗོད་གནང་གི་ཡོད་པ་རེད། ཅེས་གསུངས།། 

                                                                           སྐུ་པར་བདག་དབང་དགའ་ལྡན་ལྡན་ཕོ་བྲང་། 

Share with your friends










Submit