ཟླ་བ་ ༡༡ ཚེས ༡༩ ༢༠༡༨
Published By སྐལ་བཟང་རྒྱ་མཚོ།

ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་༡༩ རེས་གཟའ་ཟླ་བ། 

༄༅། །བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༡༧ ཉིན་གྱི་སྔ་དྲོ་ཉི་ཧོང་གི་རྒྱལ་ས་ཊོ་ཀེ་ཡོ་ནང་རྟེན་གཞི་བྱས་པའི་ཧི་བྷི་ཡ་ཟློས་གར་ཚོགས་ཁང་དུ་ང་ཚོ་ཁྱིམ་ཚང་གཅིག་གི་མི་ཡིན་ཞེས་པའི་བརྗོད་གཞི་གཞིར་བཞག་ཐོག་གཞོན་སྐྱེས་གཙོ་བོར་གྱུར་བའི་དད་ལྡན་མང་ཚོགས་རྣམས་ལ་བཀའ་སློབ་སྩལ་དོན།    མཆེད་གྲོགས་ཕོ་མོ་རྣམ་པ། ངོས་ཀྱིས་བསམ་ཚུལ་དང་ཉམས་མྱོང་ཁྱེད་རྣམ་པ་ཚོར་བརྗེ་རེས་བྱེད་རྒྱུའི་གོ་སྐབས་བྱུང་བར་ངོས་རང་ཧ་ཅང་དགའ་པོ་བྱུང་། ངོས་རང་ས་ཕྱོགས་གང་དུ་ཕྱིན་ཡང་འཛམ་གླིང་ན་མི་དུང་ཕྱུར་བདུན་ཅུ་ཡོད་པ་ཚང་མ་ལུས་སེམས་དང་མྱོང་ཚོར་གྱི་ཆ་ནས་གཅིག་གྱུར་ཡིན་པ་རྗོད་ཀྱི་ཡོད། སེམས་ཅན་ཐམས་ཅད་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་གྱུར་རེད། ཐ་ན་འབུ་སྲིན་དང་། བྱ་བྱིའུ། དུད་འགྲོ་སྲོག་ཆགས་ཚུན་ཆད་བདེ་བ་འདོད་པ་གཅིག་གྱུར་རེད

འགྲོ་བ་མི་ལ་སེམས་ཅན་གཞན་ལས་ཁྱད་དུ་འཕགས་པའི་ལེགས་ཉེས་བླང་དོར་འབྱེད་པའི་ཤེས་རབ་ཡོད། འོན་ཀྱང་ང་ཚོས་སྐབས་རེར་དེ་བེད་སྤྱོད་ལོག་པ་གཏོང་གི་ཡོད། དཔེར་ན་ང་ཚོས་རྣམ་དཔྱོད་བེད་སྤྱོད་བཏང་སྟེ་མཚོན་ཆའི་རིགས་བཟོ་ཡི་ཡོད། དུད་འགྲོ་སྲོག་ཆགས་དཔེར་ན་སེངྒེ་དང་སྟག་སོགས་ལ་སོ་རྣོན་པོ་དང་སྡེར་མོ་ཡོད་པས། སེམས་ཅན་གཞན་བཟས་ནས་འཚོ་ཡི་ཡོད། འོན་ཀྱང་ང་ཚོ་འགྲོ་བ་མི་རི་དྭགས་ཤྭ་བ་དང་འདྲ་བའི་སོ་ཡོད། གཟུགས་པོའི་གྲུབ་ཆའི་ཐོག་ནས་བལྟས་ཀྱང་སྔོ་ཚལ་རིགས་ཟ་མཁན་འདྲ་ཤས་ཆེ་པ་ལས་ཤ་ཟ་མཁན་ཞིག་དང་མི་འདྲ།  དུད་འགྲོ་སྲོག་ཆགས་ཚོར་འདོད་པ་ཚད་ཡོད་པ་ཞིག་རེད། འོན་ཀྱང་སེམས་ཅན་གཞན་དང་བསྡུར་ན་འགྲོ་བ་མིའི་འདོད་པ་ནི་མཐའ་ཡས་པ་ཞིག་རེད། ང་ཚོ་རང་ཉིད་ཀྱི་རྣམ་དཔྱོད་དེ་བེད་སྤྱོད་བཏང་སྟེ་མཐའ་ཡས་པའི་འདོད་པ་དེ་སྒྲུབ་ཀྱི་ཡོད།  ད་ལྟ་ང་ཚོ་འདིར་ཞི་བདེ་དང་སྤྲོ་སྣང་ངང་མཉམ་དུ་སྡོད་བཞིན་ཡོད། ཡིན་ཡང་ད་ལྟའི་དུས་ཡུན་འདིའི་རིང་ལ་འཛམ་གླིང་གི་ལུང་པ་གཞན་ཚོའི་ནང་མི་གཅིག་གིས་གཅིག་ལ་གསོད་རེས་གཏོང་བཞིན་ཡོད།

 

ངོས་ཀྱིས་གོང་དུ་བརྗོད་པ་ལྟར་འགྲོ་བ་མི་ཡིས་རྣམ་དཔྱོད་བེད་སྤྱོད་བཏང་སྟེ་གོ་མཚོན་རིགས་བཟོ་ཡི་ཡོད། དེ་ལས་ཀྱང་ཐབས་སྡུག་པ་ཞིག་ནི་རྡུལ་ཕྲན་མཚོན་ཆའི་རིགས་བཟོ་ཡི་ཡོད། ཉི་ཧོང་བ་ཚོར་མཚོན་ན་རྡུལ་ཕྲན་མཚོན་ཆའི་ཆག་སྒོ་དང་སྡུག་བསྔལ་མྱངས་མྱོང་ཡོད།  ལོ་མང་པོའི་གོང་ངོས་རང་ཧི་རོ་ཞི་མ་དང་ན་ག་ས་ཀིའི་གྲོང་ཁྱེར་ནང་བསྐྱོད་མྱོང་། ངོས་རང་ཐེངས་དང་པོ་ས་ཁུལ་དེར་འབྱོར་དུས་བུད་མེད་ཅིག་གིས་རྡུལ་ཕྲན་མཚོན་ཆའི་འོད་རླབས་ཕོག་པའི་སྡུག་བསྔལ་མྱོང་བཞིན་འདུག དེ་ནི་འཇིགས་སུ་རུང་བ་ཞིག་རེད། ངོས་ཀྱིས་དྲན་གསོས་པ་ཞིག་ལ་རྡུལ་ཕྲན་མཚོན་ཆ་འབར་གས་བྱུང་བ་ལ་བརྟེན་ནས་དེའི་ཚ་དྲོད་ཀྱི་རྐྱེན་གྱིས་འགྲེམས་སྟོན་ཁང་དུ་ཆུ་ཚོད་འཁོར་ལོ་བཞུར་འདུག དེར་བརྟེན་འགྲོ་བ་མི་ཡིས་རང་གི་རྣམ་དཔྱོད་བེད་སྤྱོད་བཏང་སྟེ་བདེ་སྐྱིད་ལྡན་པ་ཞིག་བཟོ་རྒྱུའི་ཚབ་ཏུ་འཇིགས་སྣང་མང་པོ་བཟོ་ཡི་འདུག

 ད་ནི་དུས་ལ་བབས་ཡོད། ང་ཚོ་ད་ལྟ་དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་འཚོ་བཞིན་ཡོད། ལོ་རྒྱུས་སྨྲ་བ་ཚོས་བརྗོད་པ་ལྟར་ན། དུས་རབས་ཉི་ཤུ་པའི་ནང་འཛམ་གླིང་དམག་ཆེན་དང་པོ་དང་། གཉིས་པ། ལྷོ་བྱང་ཀོ་རི་ཡའི་དམག་འཁྲུག ཝེ་ཏི་ནམ་གྱི་དམག་འཁྲུག རྒྱ་ནག་གི་ནང་འཁྲུག ཨུ་རུ་སུའི་ནང་འཁྲུག་སོགས་ཀྱི་རྐྱེན་གྱིས་མི་ས་ཡ་ཉིས་བརྒྱ་ཙམ་དྲག་སྤྱོད་ལ་བརྟེན་ནས་རྐྱེན་ལམ་དུ་གྱུར་ཡོད་པ་བརྗོད་ཀྱི་འདུག ང་ཚོས་ངེས་པར་དུ་དུས་རབས་ཉི་ཤུ་པའི་ནང་ནོར་འཁྲུལ་ཤོར་ཡོད་པ་དེ་དག་བསྐྱར་ཟློས་མ་ཡོང་བའི་ཐབས་ཤེས་བྱེད་དགོས། ད་ནི་ང་ཚོས་འཛམ་གླིང་སྟེང་མི་གྲངས་དུང་ཕྱུར་བདུན་ཅུ་ཡོད་པ་དེ་དག་ཚང་མ་གཅིག་གྱུར་ཡིན་པའི་འདུ་ཤེས་ཐོག་དུས་རབས་ཉི་ཤུརྩ་གཅིག་པ་འདི་བཞིན་ཞི་བདེ་དང་བྱམས་བརྩེ་ལྡན་པའི་དུས་རབས་ཤིག་བཟོ་དགོས་པའི་དུས་ལ་སླེབས་ཡོད། ཅེས་སོགས་ཀྱི་བཀའ་སློབ་བསྩལ། །                                                                                                                                       ༼སྐུ་པར་བདག་དབང་དགའ་ལྡན་ལྡན་ཕོ་བྲང་ཡིན། ༽

 

Share with your friends










Submit