ཟླ་བ་ ༡༡ ཚེས ༥ ༢༠༡༨
Published By ngawang thokmey

༢༠༡༨ ཟླ་ ༡༡ ཚེས་ ༥ རེས་གཟའ་ཟླ་བ།

༄༅། །བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དོན་གཅོད་རྣམ་པའི་ལོ་འཁོར་ཚོགས་འདུ་ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༣ ནས་ ༤ བར་སུད་སི་གྲོང་ཁྱེར་ཇི་ནི་ཝར་ཚོགས་ཡོད་འདུག

ཚོགས་འདུའི་ཐོག་སྲིད་སྐྱོང་དང་ཕྱི་དྲིལ་བཀའ་བློན་གཅིག་ལྕོགས་བློ་བཟང་སེངྒེ་མཆོག་དང་། ཕྱི་དྲིལ་དྲུང་ཆེ་རྣམ་གཉིས།  ལྡི་ལི་སྐུ་ཚབ་དོན་གཅོད་འབྲོང་ཆུང་དངོས་གྲུབ་ལགས། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས། ཨིན་ཡུལ་སྐུ་ཚབ་དོན་གཅོད་ཕར་སི་བསོད་ནམས་ལགས། སུད་སི་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས། སྦར་སེལ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས། ཨོ་སི་ཊེ་ལི་ཡའི་སྐུ་ཚབ་དོན་གཅོད་མཚོ་སྒོ་ལྷག་པ་ལགས། ཐེ་ཝན་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས། རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ། ལྷོ་ཨ་ཕི་རི་ཀའི་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས། ཕ་རན་སིའི་འབྲེལ་མཐུད་པ་རྣམ་རྒྱལ་བསམ་གྲུབ་ལགས། དྲིལ་བསྒྲགས་དྲུང་འཕར་འཆི་མེད་ཚེ་དབྱངས་ལགས།  དེ་བཞིན་སུད་སི་སྐུ་ཚབ་དོན་གཅོད་གསར་པར་བསྐོ་གཞག་གནང་བ་འཆི་མེད་རིག་འཛིན་ལགས་བཅས་ཕེབས་འདུག 

དེ་ཡང་ཉིན་གཉིས་ཀྱི་ཚོགས་འདུའི་སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་སྐུ་ཚབ་དོན་གཅོད་རྣམ་པས་བོད་དོན་དང་འབྲེལ་བའི་ཆབ་སྲིད་ལས་འགུལ་སྤེལ་ཕྱོགས་དང་། བཀའ་ཤག་གི་མ་འོངས་ལས་དོན་ཁག་ངོ་སྤྲོད་གནང་བའི་ཐོག་ལ་གོ་བསྡུར་དང་།  དེ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཆིབས་སྒྱུར་དང་མཛད་འཆར་གྱི་གནད་དོན།   སྔ་ལོའི་སྐུ་ཚབ་དོན་གཅོད་ཚོགས་འདུའི་སྐབས་གྲོས་ཆོད་བཞག་པ་རྣམས་ལག་བསྟར་མཇུག་སྐྱོང་ཇི་ཙམ་ཐུབ་མིན་སོགས་ལ་བསྐྱར་ཞིབ་དང་།  ཕྱོགས་མཚུངས་ཕྱི་ལོ་ ༢༠༡༨ ལོ་དེ་བཞིན་བོད་མིའི་སྒྲིག་འཛུགས་ནས་རྒྱ་གར་གཞུང་མང་གཙོ་བོར་གྱུར་བའི་རྒྱལ་སྤྱིའི་ཁྱོན་དུ་བོད་མི་དང་བོད་དོན་ཐོག་རྒྱབ་སྐྱོར་དང་མཐུན་འགྱུར་རོགས་རམ་གནང་དང་གནང་མུས་ཡིན་པའི་འབྲེལ་ཡོད་རྒྱལ་ཁབ་སོ་སོའི་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་ལས་འགུལ་སྤེལ་བཞིན་པ་ལྟར། སྐུ་ཚབ་དོན་གཅོད་སོ་སོས་འབྲེལ་ཡོད་ས་གནས་སུ་ཐུགས་རྗེ་ཆེ་ཞུའི་ལས་དོན་ཇི་སྤེལ་ངོ་སྤྲོད་གནང་བ་མ་ཟད།  རྒྱལ་སྤྱིའི་ཆབ་སྲིད་འཕོ་འགྱུར་དང་བསྟུན་ནས་ལས་འགུལ་སྤེལ་ཕྱོགས་སྐོར་གསལ་བཤད་གནང་འདུག

གཞན་ཡང་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་བཞིན་པའི་དམ་བསྒྲགས་ཅན་གྱི་སྲིད་བྱུས་སྐོར་དང་། ལྔ་དང་ལྔ་བཅུའི་འཆར་སྣང་ལྷན་ཚོགས་སྐབས་བཏོན་པའི་བསམ་འཆར་ཁག་གཅིག་དོན་དངོས་ལག་བསྟར་གནང་ཕྱོགས་སྐོར།  དེ་བཞིན་བརྒྱུད་ལམ་ཁག་གི་ནང་བོད་དོན་དྲིལ་བསྒྲགས་སྤེལ་ཕྱོགས་དང་། འཛིན་སྐྱོང་དང་འབྲེལ་བའི་གནད་དོན། དེ་བཞིན་སྔོན་རྩིས་སྐོར་སོགས་གོ་བསྡུར་གནང་འདུག 

དེ་ཡང་ཇི་ནི་ཝ་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་དང་། ལས་བྱེད་སྐལ་ལྡན་མཚོ་མོ་ལགས་རྣམ་གཉིས་ནས་མཉམ་སྦྲེལ་རྒྱལ་ཚོགས་ནང་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་བོད་དོན་ཞུ་གཏུག་བྱེད་ཕྱོགས་སྐོར་དང་། དྲིལ་བསྒྲགས་དྲུང་ཆེའི་གནས་རིམ་ཚད་མཉམ་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས་ཀྱིས་བརྒྱུད་ལམ་ཁག་གི་ནང་བོད་དོན་དྲིལ་བསྒྲགས་བྱེད་ཕྱོགས་ཇི་དགེའི་སྐོར་ལམ་སྟོན་ཡང་གནང་ཡོད་འདུག 

ད་ཐེངས་སྐུ་ཚབ་དོན་གཅོད་ཀྱི་ཚོགས་འདུ་འདི་སུད་སི་གྲོང་ཁྱེར་ཇི་ནི་ཝར་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་དང་ཇི་ནི་ཝ་སྐུ་ཚབ་དོན་ཁང་གཉིས་ཟུང་སྦྲེལ་ཐོག་ནས་ “རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་སྒྱུར་འོག་ཡོད་པའི་ས་ཁུལ་ཁག་གི་ནང་དུ་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས། ༢༠༡༨ ལོའི་ཇི་ནི་ཝའི་ལྷན་ཚོགས་” ཞེས་ཇི་ནི་ཝར་རྟེན་གཞི་བྱས་པའི་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་དུ་འབྲེལ་ཡོད་ཚོགས་མིའི་རྒྱལ་ཁབ་ཁག་གིས། རྒྱ་ནག་གཞུང་ལ་རྒྱ་ནག་ནང་གི་འགྲོ་བ་མིའི་གནས་སྟངས་ཐོག་དུས་བཀག་བསྐྱར་ཞིབ་ཐེངས་གསུམ་པ་མ་གནང་གོང་རྒྱལ་སྤྱིའི་ཁྱོན་ནས་བོད་དང་ཡུ་གུར། དེ་བཞན་ལྷོ་སོག་བཅས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་དངོས་ཡོད་གནས་སྟངས་གསལ་རྟོགས་ཐུབ་ཆེད་ལྷན་ཚོགས་དེ་གོ་སྒྲིག་གནང་བ་ཞིག་ཡིན་འདུག་པ་བཅས།། 

Share with your friends










Submit