ཟླ་བ་ ༡༡ ཚེས ༥ ༢༠༡༨
Published By ngawang thokmey

༢༠༡༨ ཟླ་ ༡༡ ཚེས་ ༥ རེས་གཟའ་ཟླ་བ།

༄༅། །དཔལ་ལྡན་ཤེས་རིག་བཀའ་བློན་འབུམ་རམས་པ་པདྨ་དབྱངས་ཅན་མཆོག་དང་ཤེས་རིག་དྲུང་ཆེ་ཀརྨ་སེང་གེ་ལགས་རྣམ་གཉིས་ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༡ ནས་ ༣ བར་ཨོ་ཌི་ཤ་ཕུན་ཚོགས་གླིང་གཞིས་ཆགས་སུ་རྟེན་གཞི་བྱས་པའི་སཾ་བྷོ་ཊ་སློབ་གྲྭ་ཁག་ལ་གཟིགས་སྐོར་རྟོག་ཞིབ་གནང་ཡོད། དེ་ཡང་བཀའ་བློན་མཆོག་དང་དྲུང་ཆེ་རྣམ་གཉིས་ཕྱི་ཚེས་ ༡ ཉིན་བུབ་ནེཤ་ཝར་(Bhubaneswar)གནམ་ཐང་དུ་ཕེབས་འབྱོར་སྐབས་ས་གནས་འགོ་འཛིན་དང་། མཉམ་དྲུང་། ས་གནས་བོད་མིའི་སུད་ཚོང་འཐུས་མི་བཅས་ནས་ཕེབས་བསུ་སྣེ་ལེན་ཞུས། དེ་ནས་སྣུམ་འཁོར་བརྒྱུད་ཨོ་ཌི་ཤ་གཞིས་ཆགས་སུ་ཕེབས་ཐོན་གྱིས་དེར་འབྱོར་མཚམས་ས་འཐུས་ཚོགས་གཞོན་དང་། རང་བདེན་ཚོགས་ཆུང་ཚོགས་གཙོ། སློབ་གྲྭའི་སློབ་སྤྱི་དང་དགེ་ཆེ། དགོན་སྡེ་ཁག་གི་སྐུ་ཚབ། ས་གནས་གཞོན་ནུ་དང་བེུད་ཚོགས་གཙོ། གཞིས་གྲོང་ཁག་གི་སྐུ་ཚབ་བཅས་ནས་ཕེབས་བསུ་གཟབ་རྒྱས་ཞུས། ཚེས་ ༢ ཞོགས་པ་སཾབྷོ་ཊ་གཞི་རིམ་གོང་མའི་སློབ་གྲྭར་འཚམས་གཟིགས་དང་སྦྲགས་བཀའ་བློན་མཆོག་ནས་སློབ་ཕྲུག་རྣམས་ལ་གསུང་བཤད་དང་ལམ་སྟོན་གནང་དོན།

སློབ་མ་རྣམས་ལ་དེང་གི་ཆར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་དྲིན་ལ་བརྟེན་ནས་ཤེས་ཡོན་གྱི་གོ་སྐབས་ཤིན་ཏུ་བཟང་པོ་ཐོབ་ཡོད་པས་ཆུད་ཟོས་སུ་མ་གཏང་བར་སློབ་སྦྱོང་ཧུར་ཐག་གནང་དགོས་པ་དང་། ཆབས་ཅིག་བཀའ་དྲིན་བསམ་ཤེས་ཐུབ་པ་དགོས་རྒྱུ་གལ་ཆེ་ཡིན་སྐོར། སློབ་སྦྱོང་མཐར་སོན་རྗེས་བོད་མིའི་སྤྱི་ཚོགས་ནང་ཞབས་འདེགས་གང་ཐུབ་ཞུ་ཐབས་གནང་གལ། དེ་བཞིན་སློབ་ཕྲུག་ཞིག་ཡིན་པའི་ཆ་ནས་དཔེ་དེབ་བཀླག་རྒྱུའི་གོམས་གཤིས་བཟང་པོ་འཇགས་ཐབས་ཤིན་ཏུ་གལ་ཆེ་ཡིན་པ། དཔེ་དེབ་བཀླག་རྒྱུའི་གོམས་གཤིས་ཡག་པོ་ཆགས་ཚེ་སློབ་ཚན་གཞན་ཤེས་རྟོགས་ཐུབ་རྒྱུར་ཕན་ཐོགས་ཆེ་བའི་ཁར་སྤྱིར་བཏང་གི་ཤེས་བྱ་རྣམས་གོང་འཕེལ་འགྲོ་རྒྱུར་ཕན་རླབས་ཆེ་བས། སློབ་ཕྲུག་ནང་ཁུལ་དཔེ་དེབ་ལྟ་ཀློག་གི་གྲོགས་པོ་(Reading buddy)བཟོ་ན་དགེ་མཚན་ཡོད་པ། དེ་བཞིན་འཛིན་གྲྭའི་ནང་སློབ་མ་ཚོས་དགེ་རྒན་གྱིས་སློབ་ཁྲིད་གནང་སྐབས་དྲི་བ་དྲི་རྒྱུ་སོགས་མཉམ་ཞུགས་གང་མང་གནང་གལ་དང་། རང་སྦྱོང་བྱེད་དུས་སློབ་ཚན་ཁག་ཅིག་སློབ་ཕྲུག་ནང་ཁུལ་ཚོགས་ཆུང་ (Study Group)བཟོས་ཏེ་ཕན་ཚུན་གོ་བསྡུར་སྦྱང་བཤད་གནང་ན་ཕན་ཐོགས་ཡོད་པ་དང་། མཐའ་དོན་བོད་ཀྱི་སྐད་ཡིག་ལ་དམིགས་བསལ་དོ་སྣང་དང་སྦྱང་བརྩོན་གནང་རྒྱུ་དང་། དུས་རྒྱུན་དུ་བོད་སྐད་གཙང་མ་བཤད་རྒྱུ་གལ་ཆེ་ཡིན་པ་སོགས་ལམ་སྟོན་གསུང་བཤད་ཟབ་རྒྱས་གནང་།

དེ་རྗེས་དྲུང་ཆེ་ནས་རྒྱ་གར་དབུས་བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་སློབ་གྲྭ་ཁག་རྩིས་ལེན་གནང་དགོས་པའི་དམིགས་ཡུལ་དང་། མ་འོངས་སློབ་གྲྭ་དེ་དག་གི་ཤེས་ཡོན་དང་། འཛིན་སྐྱོང་སོགས་གང་སྤྱིར་སྔར་ལྷག་ཡར་རྒྱས་གཏོང་རྒྱུར་དབུས་ས་གཉིས་ཀར་ལས་འགན་ཇི་ཡོད་སོགས་གསུང་བཤད་གནང་། དེ་རྗེས་སློབ་གྲྭའི་འཛིན་ཁང་དང་། ལས་ཤག ཉེ་ལམ་དྲག་ཆར་རླུང་འཚུབ་ཀྱིས་གནོད་འཚེ་ཕོགས་པའི་སློབ་གྲྭའི་རྭ་བ་སོགས་ལ་གཟིགས་ཞིབ་གནང་། དེ་རྗེས་མན་ཧེན་དྲ་སྒར་དང་ལོ་སྦར་སིང་གཞིས་གྲོང་གི་གཞིས་རིམ་འོག་མའི་སློབ་གྲྭ་དང་། སྔོན་འགྲོ་འཛིན་གྲྭ་བཅས་ལ་གཟིགས་སྐོར་གནང་། ཉིན་རྒྱབ་སློབ་གྲྭའི་དགེ་ལས་དང་། ཕ་མའི་འཐུས་ཚབ་བཅས་ལྷན་འཛོམས་ཐོག་དཔལ་ལྡན་ཤེས་རིག་བཀའ་བློན་མཆོག་ནས་གཙོ་བོ་དགེ་རྒན་ཁྱད་ལས་ཡར་རྒྱས་དང་འབྲེལ་བའི་གསུང་བཤད་གནང་དོན། འཛིན་གྲྭའི་ནང་སློབ་ཁྲིད་གནད་སྨིན་ཡོང་བར་དགེ་རྒན་རང་ཉིད་ནས་སློབ་ཚན་གྱི་བརྗོད་གཞི་རྣམས་སྔོན་ཚུད་ནས་གྲ་སྒྲིག་གནང་དགོས་པ་དང་། གཞན་ཡང་དགེ་རྒན་གྱི་གཤིས་སྤྱོད་སོགས་གང་སྤྱིར་མིག་དཔེ་འོས་པ་ཞིག་གནང་གལ་དང་། དགེ་རྒན་ནང་ཁུལ་ཕན་ཚུན་ཤེས་ཡོན་དང་འབྲེལ་བའི་གནད་དོན་ཐོག་གོ་བསྡུར་སྦྱང་བཤད་ཀྱི་སྒོ་ནས་ཤེས་བྱ་གོང་འཕེལ་གཏོང་ཐབས་གནང་ན་དགེ་མཚན་ཡོད་པ་སོགས་ལམ་སྟོན་གསུང་བཤད་ཞིབ་ཕྲ་གནང་། དེ་རྗེས་ས་གནས་ཀྱི་དགོན་སྡེ་ཁག་ལ་གནས་གཟིགས་དང་། སུད་སི་མངའ་རིས་སྤྱི་མཐུན་ཚོགས་པས་རོགས་སྐྱོར་འོག་འཛིན་སྐྱོང་གནང་བཞིན་པའི་ཀེ་ལཤ་(kailash)སློབ་ཕྲུག་ཉལ་ཁང་ལ་གཟིགས་སྐོར་གནང་། ཚེས་ ༢ ཉིན་ས་གནས་མི་མང་འདུ་འཛོམས་ཀྱིས་ཐོག་མར་ས་གནས་འགོ་འཛིན་ནས་ཕེབས་བསུ་དང་གཞིས་ཆགས་ཀྱི་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་ཞུས།

དེ་རྗེས་བཀའ་བློན་མཆོག་གིས་གཙོ་བོ་ཤེས་རིག་ལས་ཁུངས་ཀྱི་ལས་དོན་གལ་ཆེ་ཁག་ཅིག་སྟེ། བྱིས་པའི་ཀློག་རྩལ་གྱི་ལས་གཞི་དང་། བོད་ཡིག་སློབ་སྦྱོང་གི་དྲ་ཚིགས། བརྡ་ཆད་གཏན་འབེབས་གནང་ཕྱོགས། སློབ་སྡེ་ཁག་གི་འགོ་འཁྲིད་ནུས་པ་གོང་འཕེལ་གཏོང་ཕྱོགས་དང་འབྲེལ་བའི་ལས་འཆར། ཤེས་ཡོན་སྲིད་བྱུས་ཀྱི་སྐོར། བྱིས་པའི་འགུལ་བརྙན་ལས་གཞི། སློབ་ཡོན་ལས་འཆར་སོགས་མང་ཚོགས་ཀྱི་མཁྱེན་རྟོགས་ཆེད་ཞིབ་ཕྲ་ངོ་སྤྲོད་གནང་། དེ་བཞིན་ཕ་མ་རྣམས་ནས་སློབ་ཕྲུག་གི་ཤེས་ཡོན་དང་འབྲེལ་བའི་ཐོག་ཐུགས་འཁུར་ཆེ་བཞེས་གནང་གལ་བཅས་ལམ་སྟོན་གསུང་བཤད་གནང་བ་མ་ཟད། ཉེ་ལམ་མངའ་སྡེའི་ནང་དྲག་ཆར་རླུང་འཚུབ་རྐྱེན་པས་གཞིས་ཆགས་ཀྱི་སྟོན་འབྲས་དང་། ཁང་པ་སོགས་ལ་གནོད་སྐྱོན་འཚབ་ཆེ་ཕོག་པའི་ཐད་དཔལ་ལྡན་བཀའ་ཤག་དང་འབྲེལ་ཡོད་ནང་སྲིད་ལས་ཁུངས་ནས་རོགས་སྐྱོར་ཐབས་འཚོལ་གང་ཐུབ་གནང་བཞེས་ཡོད་སྐོར་གསུངས། དེ་རྗེས་དྲུང་ཆེ་ནས་སློབ་གྲྭ་རྩིས་ལེན་རྩིས་སྤྲོད་ཀྱི་གནས་སྟངས་དང་། ཉེ་ལམ་ལྔ་དང་ལྔ་བཅུའི་ཚོགས་ཆེན་ཐོག་ཤེས་ཡོན་དང་འབྲེལ་བའི་གལ་ཆེའི་གནད་དོན་ཁག་ལ་འགྲེལ་བརྗོད་ཞིབ་ཕྲ་གནང་། དེ་ཉིན་ས་གནས་ཀྱི་རྒན་གསོ་ཁང་དང་། སྨན་ཁང་། སྨན་རྩིས་ཁང་། ཡན་ལག་སྨན་ཁང་བཅས་ལ་གཟིགས་སྐོར་གནང་ཡོད་པ་བཅས།།

Share with your friends










Submit