ཟླ་བ་ ༡༡ ཚེས ༢ ༢༠༡༨
Published By ngawang thokmey

༢༠༡༨ ཟླ་ ༡༡ ཚེས་ ༢ རེས་གཟའ་པ་སངས།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༡ ཉིན་སི་པེན་ Spain གྲོང་ཁྱེར་མེཌ་རིཌ་ Madrid ནང་དུ་རྒྱལ་སྤྱིའི་ཚོང་འདུས་ལྷན་ཚོགས་ Mountain and sustainable Trade Fair ཞེས་པ་ཚོགས་འདུག   ཚོང་འདུས་གོ་སྒྲིག་གནང་མཁན་སི་པེན་ཡུལ་དུ་རྟེན་གཞི་བྱས་པའི་ IFEMA 2018 ཚོང་འདུས་བསྟི་གནས་ཁང་ཡིན་ཞིང་།  སི་པེན་ཡུལ་དུ་ད་བར་ཚོང་འདུས་ལྷན་ཚོགས་ཐེངས་ ༣༠ གོ་སྒྲིག་གནང་ཟིན་སྟབས། ཡུལ་དེའི་ནང་ཚོང་འདུས་བསྟི་གནས་ཁང་གྲགས་ཆེ་ཤོས་ཤིག་དང་།  ཡུ་རོབ་ཁྱོན་དུའང་ཚོང་འདུས་སྒྲིག་འཛུགས་གཙོ་གྲས་ཤིག་ཆགས་ཡོད་འདུག 

སྤྱིར་རྒྱ་ནག་ནས་ཚོང་འདུས་སྐུ་ཚབ་འོང་གཏན་འཁེལ་བ་མ་ཟད། དངོས་ཟོག་ཚོང་འགྲེམས་ཆེད་ས་ཆ་ཀི་ལོ་མི་ཊར་གྲུ་བཞི་མ་ ༤༠༠ ཐོབ་ཟིན་འདུག  འོན་ཀྱང་གོ་སྒྲིག་ཚོགས་ཆུང་ནས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་བོད་མི་མང་ཡུ་རོབ་སྤྱི་འཐུས་དགེ་བཤེས་ཐུབ་བསྟན་དབང་ཆེན་ལགས་རྣམ་གཉིས་དབུ་འབྱེད་མཛད་སྒོར་མགྲོན་འབོད་ཞུས་པ་ཤེས་རྟོགས་བྱུང་རྗེས།  རྒྱ་ནག་གཞུང་གིས་གོ་སྒྲིག་ཚོགས་ཆུང་ལ་མགྲོན་འབོད་བརྩི་མེད་གཏོང་པའི་གནོན་ཤུགས་ཇི་ཙམ་སྤྲད་ཀྱང་གོ་སྒྲིག་ཚོགས་ཆུང་གིས་གསན་འཇོག་མ་གནང་བ་རེད།  དེར་བརྟེན་རྒྱ་ནག་གི་ཚོང་འབྲེལ་སྐུ་ཚབ་ལྷན་ཚོགས་དེ་ནས་ཕྱིར་འཐེན་བྱེད་དགོས་བྱུང་འདུག

དབུ་འབྱེད་མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་གསུང་བཤད་གནང་དོན།  འཛམ་གླིང་དབུ་ཁྲིད་མང་པོ་ཞིག་གིས་རྒྱ་ནག་གཞུང་གི་གནོན་ཤུགས་ལ་བརྟེན་ནས་ང་དང་ཐུག་འཕྲད་གནང་རྒྱུར་འཛེམ་ཟོན་བྱེད་བཞིན་པའི་སྐབས་འདིར་མེཌ་རིཌ་གྲོང་སྡེའི་སྤྱི་ཁྱབ་པ་ལྕམ་སྐུ་ Mayor Manuela Carmena མཆོག་གིས་ཞུམ་པ་མེད་པའི་ཐོག་ནས་འདིར་ང་ལ་མགྲོན་འབོད་ཐོག་གཏམ་བཤད་བྱ་རྒྱུའི་གོ་སྐབས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

སྐུ་ཉིད་ཀྱི་སྙིང་སྟོབས་ལ་བོད་མི་ཡོངས་ཀྱིས་ཡི་རང་བསྔགས་བརྗོད་ཞུ་བཞིན་ཡོད།  བོད་མི་འབྲོག་པ་རྣམས་ལ་མཚོན་ན་འབྲོག་པའི་འཚོ་བའི་གོམས་གཤིས་དེ་རང་འབྱུང་ཁོར་ཡུག་དང་གྲོགས་འདྲིས་ཧ་ཅང་བཟང་བ་དང་།  ལོ་ངོ་སྟོང་གི་རིང་མཐོ་སྒང་བོད་ཀྱི་རྩྭ་ཐང་ཐོག་བོད་མི་འབྲོག་པ་རྣམས་རང་དབང་ཆ་ཚང་ལྡན་པའི་ཐོག་ནས་འབྲོག་པའི་མཚེར་སྤོ་བྱ་རྒྱུའི་ལམ་སྲོལ་དར་ཡོད། དེ་ལ་བརྟེན་ནས་རང་འབྱུང་རྩྭ་ཐང་ཁོར་ཡུག་སྲུང་སྐྱོབ་བྱེད་བཞིན་ཡོད། བག་ཆགས་དེ་དག་ལ་བརྟེན་ནས་ང་ཚོ་བཙན་བྱོལ་དུ་འཚར་ལོངས་བྱེད་སྐབས་ཕྲུ་གུས་མཚམས་རེ་མེ་ཏོག་འཐུ་སྐབས་ཕ་མ་ཚོས་དོན་མེད་མེ་ཏོག་བཏུས་བ་ནི་རང་འབྱུང་ཁོར་ཡུག་ལ་གནོད་འཚེ་བྱས་པ་དང་གཅིག་མཚུངས་ཡིན་སྐོར་བསླབ་བྱ་གནང་སྲོལ་ཡོད།

ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམ་པ་བོད་ནས་ཕྱིར་ཕེབས་མཁན་ཁག་གཅིག་གིས་བོད་ནང་གཞུང་ལམ་ཐོག་འབུ་སྲིན་འགྲོ་བ་མཐོང་སྐབས་བོད་མི་ཚོས་སྣུམ་འཁོར་བཀག་ནས་འབུ་སྲིན་དེ་དག་ཚེ་ཐར་གཏོང་བཞིན་ཡོད་པ་ང་ལ་བརྗོད་མཁན་བྱུང་། དེ་ནི་བོད་མི་ཚོས་ནང་པའི་གཞུང་ནས་གསུང་པའི་ལྟ་བ་རྟེན་བྱུང་དང་སྤྱོད་པ་འཚེ་བ་མེད་པའི་ལྟ་གྲུབ་ཀྱི་བག་ཆགས་ལ་བརྟེན་ནས་བྱུང་བ་ཞིག་རེད། འོན་ཀྱང་ད་ཆ་རྒྱ་ནག་གཞུང་གི་སྲིད་བྱུས་ལ་བརྟེན་ནས་འབྲོག་པའི་སྲོལ་རྒྱུན་འཚོ་བའི་གོམས་གཤིས་ལ་ཉེན་ཚབས་ཧ་ཅང་བཟོ་བཞིན་ཡོད། 

རྒྱ་ནག་གཞུང་གིས་བོད་མཐོ་སྒང་དུ་གཏེར་ཁ་སྔོག་འདོན་དང་ཆུ་མཛོད་བརྒྱག་རྒྱུའི་ལས་གཞི་རྒྱ་ཆེ་སྤེལ་བཞིན་པར་བརྟེན་འབྲོག་པ་རྣམས་རྩྭ་ཐང་ནས་བཙན་དབང་འོག་གནས་སྤོ་བྱེད་འཇུག་བཞིན་ཡོད། ཕྱི་ལོ་ ༢༠༠༧ ལོར་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འཛུགས་སྐྲུན་ལས་གཞིའི་སྙན་ཐོ་བཏོན་པ་ལྟར་ན།  བོད་མཐོ་སྒང་གི་རྩྭ་ཐང་རྣམས་མྱུར་ཚད་ཧ་ཅང་ཐོག་བྱེ་སར་འགྱུར་བཞིན་པ་དང་། རྩྭ་ཐང་བྱེ་སར་འགྱུར་བའི་མྱུར་ཚད་ལ་མཚོན་ན་ལོ་གཅིག་ནང་རྩྭ་ཐང་ས་ཁྱོན་ཀི་ལོ་མི་ཊར་གྲུ་བཞི་མ་ ༢༣༣༠ བྱེ་སར་འགྱུར་བཞིན་ཡོད། ད་ལྟའི་རྒྱ་ནག་གཞུང་གི་རྩྭ་ཐང་སྲིད་བྱུས་དེས་བོད་མི་འབྲོག་པའི་འཚོ་བར་བསམ་བློ་རྩ་བ་ནས་མ་བཏང་བར་འབྲོག་པའི་སྲོལ་རྒྱུན་འཚོ་བའི་གོམས་གཤིས་དང་། རྩྭ་ཁང་འཕེལ་གྲིབ་སྐོར་གྱི་ཉམས་མྱོང་དེ་དག་ལ་བརྩི་མེད་རྡོག་རོལ་བཏང་ནས་སྤྱི་ཚོགས་རིང་ལུགས་ཀྱི་གཏན་འཇགས་གྲོང་ཚོ་ཟེར་བར་བཙན་དབང་འོག་གནས་སྤོ་བྱེད་བཞིན་ཡོད། ཅེས་སོགས་གསུང་པ་མ་ཟད། བོད་མཐོ་སྒང་ནས་འབབ་པའི་གཙང་ཆུ་དེ་དག་ཨེ་ཤི་ཡའི་མངའ་ཁུལ་གྱི་རྒྱལ་ཁབ་མང་པོ་ཞིག་ནང་རྒྱུག་བཞིན་ཡོད་སྟབས། མི་འབོར་ས་ཡ་མང་པོའི་འཚོ་གནས་དང་ཐད་ཀར་འབྲེལ་བ་ཆགས་ཡོད། དེར་བརྟེན་བོད་མཐོ་སྒང་ནི་ཨེ་ཤི་ཡའི་ཆུ་མཛོད་ལྟ་བུ་ཆགས་ཡོད་སྐོར་སོགས་གསུང་བཤད་གཟབ་རྒྱས་གནང་རྗེས་དྲི་བ་ཁག་ལ་ལན་འདེབས་ཞིབ་རྒྱས་གནང་འདུག་པ་བཅས། །

Share with your friends










Submit