ཟླ་བ་ ༡༡ ཚེས ༧ ༢༠༡༨
Published By བ་ར་ཡེ་ཤེས་ཀུན་གྲགས།

ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༧ རེས་གཟའ་ལྷག་པ།


༄༅། །འདི་གར་མོན་གྷོ་འདོད་རྒུ་གླིང་བོད་མིའི་ས་གནས་འགོ་འཛིན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༡༧ ནས་ ༡༨ བར་ཉིན་གཉིས་རིང་རྒྱ་གར་གྲོང་ཁྱེར་ནག་པུར་ས་གནས་སུ་རྒྱལ་སྤྱིའི་ནང་པའི་ཞི་བདེ་ལྷན་ཚོགས་ཐེངས་བཞི་པ་ཚོགས་ཡོད།

དེ་ཡང་རྒྱ་གར་དབུས་གཞུང་གི་གྲངས་ཉུང་མི་རིགས་ཀྱི་ཆེས་མཐོའི་ཚོགས་མི་ལྕམ་སྐུ་སུ་ལེ་ཁ་ཏའི་ཀུམ་སྦ་རེ་Adv. Sulekha Tai Kumbhare མཆོག་གི་གོ་སྒྲིག་འོག་ལྷན་ཚོགས་དེ་བཞིན་ཉིན་གཉིས་རིང་ཚོགས་ཡོད་པ་དང༌། ལྷན་ཚོགས་དེའི་ནང་མཉམ་ཞུགས་གནང་མཁན་ཉི་ཧོང་དང་ཐའི་ལེནྜི། ཝི་ཏི་ནམ་།  ལའོ་སི། ཤྲཱི་ལངྐ། བཅས་རྒྱལ་ཁབ་ཆེ་ཁག་བདུན་ནས་ཚོགས་བཅར་དུ་ཕེབས་ཡོད།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༣ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་གྱི་མཛད་སྒོར་མོན་གྷོ་འདོད་རྒུ་གླིང་བོད་མིའི་ས་གནས་འགོ་འཛིན་ནས་ལྕམ་སྐུ་སུ་ལེ་ཁ་ཏའི་ཀུམ་སྦ་རེ་མཆོག་མགྲོན་གཙོ་བོར་གདན་ཞུ་གནང་ཐུབ་ཡོད་པ་དང་། ས་གནས་སུ་ཕེབས་སྐབས་དགོན་སྡེ་ཁག་ལ་མཇལ་བཅར་ཞུས་ཡོད། སྐབས་དེར་གོང་འཁོད་ལྷན་ཚོགས་ཐོག་མཉམ་ཞུགས་ཐུབ་ཐབས་ཡོང་བའི་ཐད་གླེང་མོལ་གནང་ཡོད། དེར་བརྟེན་ས་གནས་འགོ་འཛིན་འཇིགས་མེད་ཚུལ་ཁྲིམས་ལགས་དང་མོན་གྷོ་འདོད་རྒུ་གླིང་ས་གནས་ནང་པའི་ཆོས་སྡེ་ཁག་གི་སྐུ་ཚབ་གྲྭ་བཙུན་གྲངས་ ༧ དང་སྣེ་ཁྲིད་ཕྱག་རོགས་སུ་གཞིས་ལས་ཁང་གི་རྩིས་པ་བཅས་ལྷན་ཚོགས་བཞི་པའི་ཐོག་མཉམ་ཞུགས་དངོས་སུ་ཐུབ་པ་བྱུང་ཡོད།

ཉིན་དང་པོའི་ཉིན་རྒྱབ་ཆུ་ཚོད་ ༢།༣༠ ཐོག་རྒྱ་གར་ནང་པའི་ཆོས་ཕྱོགས་མཛད་རིམ་ལྟར་མཛད་སྒོ་དབུ་འཛུགས་གནང་བ་དང་སྐབས་དེར་རྒྱ་གར་དབུས་གཞུང་གྲངས་ཉུང་མི་རིགས་དང་རིག་གཞུང་བློན་ཆེན་གཞོན་པ་སྐུ་ཞབས་Ramdas Athawale ལགས་དང་། མ་ཧཱ་རཤ་ཊ་མངའ་སྡེ་གཞུང་གི་བློན་ཆེན་སྐུ་ཞབས་ Rajkumar Bhodale ལགས་ཀྱིས་གཙོས་ནང་པའི་རྒྱལ་ཁབ་ཁག་གི་སྐུ་ཚབ་བཅས་ནས་ཚོགས་འདུའི་བརྗོད་གཞི་ལྟར། ནང་པའི་ལྟ་སྒོམ་སྤྱོད་གསུམ་དང་གྲུབ་མཐའ་ཁག ནང་པའི་རྒྱལ་ཁབ་སོ་སོའི་ནང་ཆོས་གོ་རྟོགས་དང་ཉམས་ལེན་ཇི་ཞུས། སའི་གོ་ལའི་ཐོག་ཆོས་ཕྱོགས་ཀྱི་འཐེན་འཁྱེར་དང་འཁྲུགས་འཛིང༌། རིགས་རུས་དབྱེ་འབྱེད་དང་རྣམ་རྟོག་འདྲ་མིན་བཅས་ཀྱི་ཐད་ནང་ཆོས་ལྟ་གྲུབ་འཛིན་མཁན་རྣམས་ནས་ཕན་རླབས་ཇི་ལྟར་བསྐྲུན་ཐུབ་མིན་ཐད་རིམ་བཞིན་གསུང་བཤད་གནང་བ་དང༌། ཕྱོགས་མཚུངས་མོན་གྷོ་སྐུ་ཚབ་ཁོངས་ནས་སྐུ་ཚབ་ཞིག་ལ་གོ་སྐབས་ཐོབ་པ་དང་ཁོང་ནས་བོད་ཀྱི་ནང་ཆོས་དར་སྤེལ་ཇི་བྱུང་དང་ཉམས་རྒུད་ཇི་ཆགས། དེ་བཞིན་ད་ཡོད་བཙན་བྱོལ་ནང་རྒྱ་གར་འཕགས་ཡུལ་ནཱ་ལེནྡྲ་ནས་དར་པའི་ནང་པའི་ལྟ་གྲུབ་དེ་ཉིད་ཉམས་པ་སླར་གསོ་དང་མི་ཉམས་རྒྱུན་འཛིན་ཐུབ་ཐབས་ཐད་གསུང་བཤད་ཞུ་རྒྱུའི་གོ་སྐབས་ཐོབ།


ཉིན་གཉིས་པའི་ཐོག་སྐུ་མགྲོན་གཙོ་བོ་རྒྱ་གར་དབུས་གཞུང་འགྲིམ་འགྲུལ་བློན་ཆེན་སྐུ་ཞབས་ Shri. Nitin Gadkari མཆོག་དང་།  Shri K.J.Alphons  མཆོག་བཅས་ཁྱོན་བསྡོམས་གལ་ཆེན་མི་སྣ་ཁག་བཅུ་བཞི་ནས་རྒྱལ་སྤྱའི་ནང་པའི་ཞི་བདེ་ལྷན་ཚོགས་དང་འབྲེལ་བའི་གསུང་བཤད་གནང་ཡོད། མོན་གྷོ་ས་གནས་ནས་མཉམ་ཞུགས་གནང་མཁན་ཚང་མར་ཉམས་མྱོང་གསར་པ་ཞིག་དང་གོ་སྐབས་དེ་ལྟ་བུ་ཐོབ་པར་དགའ་སྤྲོ་ཆེན་པོ་བྱུང་བར་རང་བཞིན་གྱི་གནས་སུ་མཆིས། ལྷག་པར་གོ་སྐབས་འདིའི་ཐོག་རང་ཅག་བོད་མི་རྣམས་བཙན་བྱོལ་དུ་གྱར་བ་ནས་བཟུང་མི་ཐོག་གོང་མ་རྣམས་ཀྱི་རྔུལ་ནག་ཐིག་པའི་རྩིག་རྡོ་བསྐྲུན་པ་རྣམས་གཞོན་རབས་རྣམས་ནས་མཇུག་དེད་ཞུས་པར་བོད་ཀྱི་གནད་དོན་ཐབས་རྩོད་ཀྱི་མེ་ལྕེ་གོང་འཕེལ་ཡོང་བའི་ཕྱོགས་སུ་ལས་དོན་དེ་ཉིད་གདོན་མི་ཟ་བར་དགེ་མཚན་དུ་ངོས་འཛིན་ཞུས་ཐུབ་པ་བཅས། །

Share with your friends










Submit