ཟླ་བ་ ༡༡ ཚེས ༦ ༢༠༡༨
Published By ngawang thokmey

༢༠༡༨ ཟླ་ ༡༡ ཚེས་ ༦ རེས་གཟའ་མིག་དམར།

༄༅། །འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་དུས་བཀག་བསྐྱར་ཞིབ་ཐེངས་ ༣༡ སྐབས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་དུས་བཀག་བསྐྱར་ཞིབ་གནང་འདུག རྒྱ་ནག་ལ་དུས་བཀག་བསྐྱར་ཞིབ་གནང་ཐེངས་གསུམ་པ་ཆགས་ཡོད།

དེ་ཡང་ཆུ་ཚོད་ ༣།༣༠ རིང་དུས་བཀག་བསྐྱར་ཞིབ་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་དང་སུད་སི་སྐུ་ཚབ་དོན་གཅོད་ཟུར་ཉན་དུ་བཅར་འདུག སྐབས་དེར་ཨོ་སི་ཊོ་ལི་ཡ་དང་ཁེ་ན་ཌ། ཨོ་སི་ཊི་ཡ། འཇར་མ་ནི། ནིའུ་ཛི་ལེན་ཌི། སུ་ཝི་ཌེན། སུད་སི། ཨིན་ཡུལ། ཨ་རི། ཌེན་མག  ཧྥ་རན་སི། ཉི་ཧོང་བཅས་རྒྱལ་ཁབ་བཅུ་གཉིས་ཀྱིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྤྱི་དང་། ལྷག་པར་ཆོས་དད་རང་དབང་དང་། འདུ་འཛོམས་རང་དབང་ལ་དམ་བསྒྲགས་བྱེད་བཞིན་པར་སེམས་འཚབ་ཀྱི་རྣམ་པ་ཤུགས་ཆེ་བཏོན་པ་མ་ཟད། བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཆེད་འཐབ་རྩོད་གནང་མཁན་བོད་མི་བཀྲ་ཤིས་དབང་ཕྱུག་ལགས་བཙོན་འཇུག་བྱས་པའི་གནད་དོན་དང་། བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཁག་གཅིག་གི་འགྲོ་འདུག་སྤྱོད་གསུམ་ལ་དམ་བསྒྲགས་ཚོད་འཛིན་ཧ་ཅང་བྱེད་བཞིན་པར་སེམས་འཚབ་ཡོད་སྐོར་གསུང་འདུག  དེར་བརྟེན་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་རྟོག་ཞིབ་མི་སྣ་བོད་ནང་དམ་བསྒྲགས་རྩ་བ་ནས་མེད་པར་འགྲོ་འཇུག་དགོས་པའི་རེ་འདུན་བཏོན་འདུག

གོང་གསལ་རྒྱལ་ཁབ་ཁོངས་ནས་རྒྱལ་ཁབ་དགུ་ཡིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་སོགས་ཡར་རྒྱས་གཏོང་དགོས་པའི་བསམ་འཆར་བཅུ་གཉིས་བཏོན་པ་དང་། ལྷག་པར་ནིའུ་ཛི་ལེན་ཌིས་བོད་ཀྱི་གནད་དོན་གསལ་ཆེད་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཟུང་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་དགོས་པའི་རེ་འདུན་ཡང་བཏོན་འདུག 

ཐེངས་འདིར་རྒྱལ་ཁབ་རྒྱལ་ཁབ་བཅུ་གཉིས་ཀྱིས་བོད་ནང་གི་ཛ་དྲག་གི་གནས་སྟངས་ཐོག་ངག་ལམ་ནས་སེམས་འཚབ་ཀྱི་རྣམ་པ་བཏོན་པ་ཙམ་དུ་མ་ཟད། འདི་ལོའི་ཕྱི་ཟླ་ ༩ ཙམ་ནས་ཨ་རི་དང་ཨིན་ཡུལ། བྷེལ་ཇམ། སུ་ཝི་ཌེན། ཨོ་སི་ཊི་ཡ། འཇར་མ་ནི། སུད་སི་བཅས་རྒྱལ་ཁབ་བདུན་གྱིས་ཡིག་ལམ་ནས་རྒྱ་ནག་གཞུང་ལ་བོད་ནང་གི་གནས་སྟངས་སྐོར་འདྲི་རྩད་གནང་ཟིན་ཡོད་འདུག

ཡིག་ཐོག་ཏུ་འཁོད་པའི་ནང་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་འཐབ་རྩོད་པ་བཀྲ་ཤིས་དབང་ཕྱུག་ལགས་ཀྱི་གནས་སྟངས་འདྲི་རྩད་གནང་བ་མ་ཟད། རྒྱ་ནག་གཞུང་ལ་བོད་དང་ཡུ་གུར་ནང་མི་རིགས་དབྱེ་འབྱེད་ཀྱི་སྲིད་བྱུས་མཚམས་འཇོག་དགོས་པ་དང་། བོད་ཀྱིས་གཙོས་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ཁག་གཅིག་ནང་རྟོག་ཞིབ་མི་སྣ་ཆེད་གཏོང་དགོས་པའི་རེ་འདུན་ཡང་བཏོན་འདུག 

“བར་ལམ་ནས་ང་ཚོས་རྒྱལ་སྤྱིའི་སྡིངས་ཆའི་ཐོག་རྒྱ་ནག་གི་སྟོབས་ཤུགས་ཇེ་ཆེར་འགྲོ་བཞིན་ཡོད་ཀྱང་རྒྱ་ནག་གི་མངའ་ཁོངས་སུ་ཡོད་པའི་ས་ཁུལ་ཁག་གི་ནང་དུ་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པ་མ་ཟད།  གནས་སྟངས་དེ་དག་ཇེ་བཟང་དུ་གཏོང་ཐབས་ཆེད་འབད་བརྩོན་བྱེད་ཀྱི་མེད་པ་གསལ་རྟོགས་བྱུང་ཡོད། དེར་བརྟེན་དུས་བཀག་བསྐྱར་ཞིབ་འདི་ལྟ་བུ་བརྒྱུད་རྒྱལ་ཚོགས་ཀྱི་ཚོགས་མི་རྣམས་པས་རྒྱ་ནག་གཞུང་ལ་རྒྱལ་སྤྱིའི་ཁྲིམས་ལུགས་ལྟར་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་མིན་རྩད་ཞིབ་ཐུབ་རྒྱུ་དང་།  དེ་ལ་བརྟེན་ནས་ས་ཁུལ་དེ་དག་ནང་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ལ་ཕན་འབྲས་ཡོང་ཐུབ།” ཅེས་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་སུད་སི་གྲོང་ཁྱེར་ཇི་ནི་ཝ་ནས་གསུངས།  

སུད་སི་སྐུ་ཚབ་དོན་གཅོད་དང་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ཟུར་ཉན་དུ་བཅར་བ།

ཕྱོགས་མཚུངས་དྲིལ་བསྒྲགས་དྲུང་ཆེའི་གནས་རིམ་ཚད་མཉམ་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས་ཀྱིས་”དུས་བཀག་བསྐྱར་ཞིབ་ལེགས་པར་གྲུབ་པ་རེད། ད་ཆ་ང་ཚོས་མུ་མཐུད་འབད་བརྩོན་བྱེད་པ་བརྒྱུད།  དུས་བཀག་བསྐྱར་ཞིབ་སྐབས་རྒྱ་ནག་གཞུང་ལ་བཏོན་པའི་བསམ་འཆར་དེ་དག་རྒྱ་ནག་གཞུང་གིས་ལག་བསྟར་བྱེད་དགོས་པ་ཞིག་བཟོ་ཐུབ་པ་བྱ་རྒྱུ་དང་།   བོད་ནང་དམིགས་བསལ་རྟོག་ཞིབ་མཁས་ལས་མི་སྣ་འགྲོ་འཇུག་དགོས་པ། རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་བཏང་དང་གཏོང་བཞིན་པའི་གནད་དོན་ཐོག་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནང་གོ་བསྡུར་སྦྱང་བཤད་ཤུགས་ཆེ་རུ་བཏང་བ་བརྒྱུད་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཁྲིམས་ལུགས་ལྟར་བོད་མིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ལ་འགན་ཁུར་ཡོད་པ་ཞིག་བཟོ་རྒྱུའི་ཆེད་འབད་བརྩོན་བྱ་རྒྱུ་ཡིན།” ཞེས་གསུངས།

དེ་བཞིན་སུད་སི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ཀྱིས་ཐེངས་འདིར་དུས་བཀག་བསྐྱར་ཞིབ་འདོད་བློ་ཁེངས་པ་ཞིག་བྱུང་སྐོར་བརྗོད་པ་དང་སྦྲགས་གསུང་དོན། ད་ཐེངས་དུས་བཀག་བསྐྱར་ཞིབ་འདིས་བརྒྱུད་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་ཇི་ཙམ་གཏོང་བཞིན་ཡོད་པ་གསལ་འདོན་གནང་ཐུབ་པ་མ་ཟད། འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་མིའི་རྒྱལ་ཁབ་ཚོར་ཡང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་དངོས་ཡོད་གནས་སྟངས་གང་ཡིན་གསལ་འདོན་གནང་བ་བརྒྱུད་འཐུས་ཤོར་བྱུང་བ་དེ་དག་ལ་ཡར་རྒྱས་གཏོང་རྒྱུའི་ལས་འགན་ཡོད་པ་དེ་དག་བསྐྱར་དུ་ར་འཕྲོད་ཐུབ་པ་ཞིག་བྱུང་ཡོད། “ཅེས་གསུངས།

དུས་བཀག་བསྐྱར་ཞིབ་སྐབས་བོད་དོན་ཐོག་རྒྱལ་ཁབ་དགུའི་བསམ་འཆར་བཏོན་པ་ཁག་གཤམ་གསལ།
ཨོ་སི་ཊོ་ལི་ཡ།
ཡུ་གུར་དང་བོད་མིའི་འགྲོ་སྐྱོད་ཀྱི་རང་དབང་ལ་དམ་བསྒྲགས་མཚམས་འཇོག་དགོས་པ། བོད་དང་ཡུ་གུར་ནང་དུ་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་རྟོག་ཞིབ་མི་སྣ་དང་ཕྱི་རྒྱལ་གཞུང་འབྲེལ་མི་སྣ། དེ་བཞིན་གསར་འགོད་པ་བཅས་དམ་བསྒྲགས་རྩ་བ་ནས་མེད་པར་རང་དབང་ཐོག་འགྲོ་འཇུག་དགོས་པ། 
ཁེ་ན་ཌ།
ཁ་ཆེ་དང་ཡེ་ཤུ། བོད་མི་ནང་པ། རྩ་རླུང་སྒོམ་སྒྲུབ་པ་བཅས་ལ་རྒྱ་ནག་གཞུང་གིས་ཆོས་དད་ལ་སྙེད་ནས་ཁྲིམས་གཏུག་མནར་གནོད་གཏོང་རྒྱུ་མཚམས་འཇོག་བྱེད་དགོས། 
ཌེན་མག
རྒྱ་ནག་གཞུང་གིས་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་ཆེད་ལས་མི་སྣ་ཡུ་གུར་དང་བོད་ནང་དམ་བསྒྲགས་རྩ་བ་ཉིད་ནས་མེད་པར་རྟོག་ཞིབ་བྱ་རྒྱུར་མཐུན་འགྱུར་སྦྱོར་དགོས།
ཧྥ་རན་སི།
ཡུ་གུར་དང་བོད་ནང་ཆོས་དད་རང་དབང་སྤྲོད་དགོས།
འཇར་མ་ནི།
བོད་དང་ཡུ་གུར་སོགས་ལའང་ཆོས་དད་དང་སྨྲ་བརྗོད་རང་དབང་། ཞི་བདེའི་ངང་ནས་འདུ་འཛོམས་བྱ་རྒྱུའི་རང་དབང་། རིག་གཞུང་སྲུང་སྐྱོབ་བཅས་ཀྱི་རང་དབང་སྤྲོད་དགོས་པ་མ་ཟད། གྲངས་ཉུང་མི་རིགས་གཞན་ཚོར་ཡང་དེ་མཚུངས་ལག་བསྟར་བྱེད་དགོས། 
ནིའུ་ཛི་ལེན་ཌི།
རྒྱ་ནག་གཞུང་གིས་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་བཅའ་ཁྲིམས་གསལ་བཤད་ཨང་ ༢༢ ནང་འཁོད་དོན་ལྟར། རང་གི་རྣམ་དཔྱོད་དང་བསམ་ཚུལ་འདོན་རྒྱུར་རང་དབང་སྤྲོད་དགོས་པ། ནིའུ་ཛི་ལེན་ཌི་སྲིད་གཞུང་གིས་རྒྱ་གཞུང་ལ་བོད་ཀྱི་གནད་དོན་ཐོག་གཉིས་མོལ་གྱི་གྲོས་མོལ་བསྐྱར་གསོ་དགོས་པ།
སུ་ཝི་ཌེན།
ལྷག་པར་ཡུ་གུར་དང་བོད་ཀྱིས་གཙོས་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ཁག་གི་ནང་དུ་ཞི་བའི་ལམ་ནས་འདུ་འཛོམས་བྱ་རྒྱུའི་རང་དབང་དང་། ཆོས་དང་རིག་གཞུང་སྲུང་སྐྱོབ་ཀྱི་རང་དབང་སྤྲོད་ཆེད་ཛ་དྲག་གི་སྲིད་བྱུས་ལག་བསྟར་བྱེད་དགོས་པ། 
སུད་སི།
རྒྱ་ནག་གཞུང་གིས་བོད་མིས་གཙོས་གྲངས་ཉུང་མི་རིགས་རྣམས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་དང་། ས་ཁུལ་དེ་དག་གི་ཁོར་ཡུག་གི་གནས་སྟངས་བཟང་པོ་རྒྱུན་གནས་ཐུབ་ཐབས་བྱེད་དགོས། 
ཨ་རི། 

བཀྲ་ཤིས་དབང་ཕྱུག་དང་ཨི་ལམ་ཊོ་ཊི། Ilham Tohti ཧང་ཅི། Huang Qi ཝང་ཀྲུང་ཀང་ Wang Quangzhang སོགས་ཐོབ་ཐང་འཐབ་རྩོད་པ་རྣམས་མགྱོགས་མྱུར་གློད་བཀྲོལ་གཏོང་དགོས། བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་རྩད་འཚོལ་ལམ་ལུགས་ལ་ཐེ་བྱུས་བྱ་རྒྱུས་མཚོན་ཆོས་ལུགས་ཁག་གི་བླ་ཆེན་འདེམས་སྒྲུག་བྱ་རྒྱུ་དང་། ཆོས་དད་ཉམས་ལེན་ལ་ཐེ་གཏོགས་བྱ་རྒྱུ་མཚམས་འཇོག་དགོས། 

 

Share with your friends










Submit