ཟླ་བ་ ༡༡ ཚེས ༦ ༢༠༡༨
Published By ngawang thokmey

༢༠༡༨ ཟླ་ ༡༡ ཚེས་ ༦ རེས་གཟའ་མིག་དམར།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༦ ཉིན་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ཚོགས་མིའི་ཁོངས་སུ་ཡོད་པའི་རྒྱལ་ཁབ་ཁག་གིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་བསྐྱར་ཞིབ་གནང་རྒྱུ་ཡིན་སྟབས། དེར་དམིགས་ནས་སྔོན་ཚུད་ནས་གནད་དོན་དེའི་སྐོར་གོ་རྟོགས་རྒྱ་གང་ཆེ་སྤེལ་ཐབས་ཆེད་ཕྱི་ཚེས་ ༢ ཉིན་སུད་སི་གྲོང་ཁྱེར་ཇི་ནི་ཝར་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་དང་། ཇི་ནི་ཝ་སྐུ་ཚབ་དོན་ཁང་གཉིས་ཟུང་སྦྲེལ་ཐོག་ནས་ “རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་སྒྱུར་འོག་ཡོད་པའི་ས་ཁུལ་ཁག་གི་ནང་དུ་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས། ཇི་ནི་ཝའི་ལྷན་ཚོགས་ ༢༠༡༨”“Geneva Forum-2018: Forum on Human Rights Situation in Regions under the PRC.” ཞེས་པའི་ཉིན་གྲངས་གཅིག་རིང་གི་ལྷན་ཚོགས་ཤིག་གོ་སྒྲིག་གནང་འདུག 

དེ་ཡང་ཚོགས་ཐུན་དང་པོའི་སྐབས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཞུ་གཏུག་ཚོགས་ཆུང་གི་འགན་འཛིན་སྐུ་ཞབས་ཀ་ཡི་མུ་ལར་ Kai Mueller ལགས་ཀྱིས་ལས་རིམ་གཙོ་སྐྱོང་གནང་ཐོག་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནང་དུ་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྤྱི་ཡོངས་ཐོག་བགྲོ་གླེང་གནང་འདུག 

སྐབས་དེར་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་ཤར་ཨེ་ཤི་ཡའི་འགན་འཛིན་ལྕམ་སྐུ་ལི་མི་ཆེལ་ Min Lee Mitchell ལགས་ཀྱིས། ཞི་ཅིན་པིང་རྒྱ་ག་གི་སྲིད་འཛིན་ཆགས་པ་ནས་བཟུང་བར་ལམ་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ཞེན་ཇེ་སྡུག་ཏུ་འགྲོ་བཞིན་པའི་གནས་སྟངས་སྐོར་གསུང་པ་དང་། ཕྱོགས་མཚུངས་ཡུ་གུར་དང་རྒྱ་ནག་ནང་གི་མང་གཙོ་གོང་འཕེལ་ལས་འགུལ་བ་སྐུ་ཞབས་ཝུ་ཡིར་ཀེ་སི་ Wu’er Kaixi ལགས་ཀྱིས་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་སྲིད་གཞུང་དང་ཨ་རི་བཅས་ཀྱིས་རྒྱ་ནག་ཐོག་བསྟུན་མཁས་གང་མང་བྱེད་པའི་སྲིད་བྱུས་ལ་སྐྱོན་བརྗོད་ཤུགས་ཆེ་གནང་འདུག 

ཕྱི་དྲིལ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་ལགས་ཀྱིས་རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་དགོས་མཁོ་ཁོ་ནར་དམིགས་ནས་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་རྩད་འཚོལ་ཞུ་རྒྱུའི་ལམ་སྲོལ་ལ་ཐེ་བྱུས་བྱས་དང་བྱེད་བཞིན་པ་མ་ཟད། ལྷག་པར་འབྱུང་འགྱུར་བོད་མིར་ཆོས་སྲིད་གང་ཐད་ནས་དམར་ཤོག་གི་དབང་སྒྱུར་སྲ་བརྟན་བཟོ་ཐབས་ཆེད་༸རྒྱལ་དབང་༸སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་དབུས་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་ཐག་གཅོད་བྱ་རྒྱུའི་སྲིད་བྱུས་ལག་བསྟར་བྱེད་བཞིན་པར་སྐྱོན་བརྗོད་དང་།

ལྷག་པར་ཉེ་ལམ་ཡེ་ཤུ་རྣམ་དག་ཆོས་ལུགས་ཀྱི་བསྟི་གནས་ཝེ་ཊི་ཀན་ Vatican ཡུལ་གྱིས་རྒྱ་ནག་དང་བསྟུན་མཁས་ཐོག་ རྒྱ་ནག་ནང་གི་ཡེ་ཤུའི་ཆོས་དཔོན་བསྐོ་གཞག་ཐག་གཅོད་བྱ་རྒྱུའི་བདག་དབང་རྒྱ་ནག་གཞུང་ལ་ཡོད་པར་ངོས་འཛིན་བྱས་པ་དེར་སྐྱོན་བརྗོད་ཤུགས་ཆེ་གནང་བ་དང་སྦྲགས།  བོད་བརྒྱུད་ནང་བསྟན་ཆོས་ལུགས་ལ་རྒྱ་ནག་གཞུང་གིས་གནོན་ཤུགས་སྤྲད་དེ་རང་སྣང་གང་བྱེད་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དེས་བོད་བརྒྱུད་ནང་བསྟན་འཛིན་སྐྱོང་སྤེལ་གསུམ་ཐོག་འགོག་རྐྱེན་དང་ཤུགས་རྐྱེན་ངན་པ་སྤྲད་ངེས་པའི་སེམས་འཚབ་ཀྱི་རྣམ་པ་ཤུགས་ཆེ་བསྟན་འདུག  

དེ་བཞིན་པ་མོ་ན་མཐོ་སློབ་ཀྱི་སློབ་དཔོན་སྐུ་ཞབས་ Professor Dru Gladney ལགས་ཀྱིས། རྒྱ་ནག་གཞུང་གིས་ “རྒྱུད་གཅིག་ལམ་གཅིག་” ཟེར་བའི་ཚོང་འབྲེལ་སྲིད་བྱུས་ལ་བརྟེན་ནས་ཡུ་གུར་ལ་ཁྱོན་ཡོངས་ཀྱི་ཤུགས་རྐྱེན་ཇི་ལྟར་སྤྲོད་བཞིན་ཡོད་སྐོར་དང་། ལྷག་པར་ཡུ་གུར་ནང་འཕྲད་བཞིན་པའི་དཀའ་ངལ་དེ་དག་རྩ་བ་ཐུག་ས་རྒྱ་ནག་གཞུང་གིས་ཁུལ་དེར་འཛིན་པའི་དྲང་བདེན་མིན་པའི་སྲིད་བྱུས་ལ་བརྟེན་ནས་ཡིན་པ་མ་ཟད། རྒྱུད་གཅིག་ལམ་གཅིག་གི་སྲིད་བྱུས་དེས་ཡུ་གུར་ནང་དམ་བསྒྲགས་དང་གནོན་ཤུགས་དེ་བས་ཆེ་རུ་འགྲོ་ངེས་སྐོར་སོགས་གསུངས། 

ལྷོ་སོག་དྲིལ་བསྒྲགས་བསྟི་གནས་ཁང་གི་འགན་འཛིན་སྐུ་ཞབས་ཨེན་གེ་བྷ་ཏུ་ཏོ་གོ་ཅོག་ Engebathu Togochog ལགས་ཀྱིས། རྒྱ་ནག་གཞུང་གི་མི་སེར་སྤེལ་བའི་སྲིད་བྱུས་འོག་ལྷོ་སོག་དེ་བཞིན་རྒྱ་ཡུལ་དུ་བསྒྱུར་རྒྱུའི་ལོ་རྒྱུས་ཀྱི་འཕེལ་རིམ་ངོ་སྤྲོད་གནང་སྐབས། དེང་སྐབས་བོད་མི་འབྲོག་པ་རྣམས་ལ་རྩྭ་ཐང་ཉམས་རྒུད་གཏོང་བཞིན་པའི་རྫུན་སྒྲིག་དང་ཉེས་མེད་ཉེས་འཛུགས་ཀྱི་སྲིད་བྱུས་དེ་ལྟ་བུ་ལག་བསྟར་བྱས་ཏེ་ལྷོ་སོག་གི་འབྲོག་པ་རྣམས་རྩྭ་ཐང་ནས་བཙན་དབང་འོག་གནས་སྤོ་བྱེད་བཅུག་པ་དང་། དེ་ལ་བརྟེན་ནས་རིམ་བཞིན་འབྲོག་པ་རྣམས་ཀྱི་རྒྱུན་ལྡན་ཡུལ་གོམས་གཤིས་ལུགས་རྩ་མེད་དུ་བཏང་ཡོད་སྐོར་གསུངས། 

ཚོགས་ཐུན་གཉིས་པའི་སྐབས་བོད་དང་ཡུ་གུར། ལྷོ་སོག ཧོང་ཀོང་བཅས་ཀྱི་ནང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་འཕྲད་བཞིན་པའི་དཀའ་ངལ་སྐོར་བགྲོ་གླེང་གནང་འདུག སྐབས་དེར་ལས་རིམ་གཙོ་སྐྱོང་བ་དྲིལ་བསྒྲགས་དྲུང་ཆེའི་གནས་རིམ་ཚད་མཉམ་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས་ཡིན་འདུག  གཏམ་བཤད་གནང་མཁན་རྒྱ་གར་དང་ཨ་རི། ཨིན་ཡུལ། འཇར་མ་ནི། ཧོང་ཀོང་བཅས་ནས་ཡིན་འདུག

ལས་རིམ་གཙོ་སྐྱོང་བ་དྲིལ་བསྒྲགས་དྲུང་ཆེའི་གནས་རིམ་ཚད་མཉམ་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས་ཀྱིས་སྤྱིར་རྒྱ་ནག་ཁྱོན་ཡོངས་སུ་དམ་བསྒྲགས་ཤུགས་ཆེ་ལག་བསྟར་བྱེད་བཞིན་ཡོད་པ་མ་ཟད། ལྷག་པར་ཡུ་གུར་མི་གྲངས་ས་ཡ་གཅིག་ཙམ་ལ་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོའི་ལས་འགུལ་ཟེར་བ་སྤེལ་བཞིན་པར་སྙེད་ནས་དོ་དམ་བཀག་ཉར་བྱེད་བཞིན་པ་དང་། བོད་དང་ལྷོ་སོག་ནང་མཚོན་ན་ཆོས་དང་རིག་གཞུང་། ངོ་བོ་སོགས་རྩ་མེད་དུ་བཏང་ནས་རྒྱ་ཡུལ་དུ་འགྱུར་བཞིན་པའི་གནད་དོན་དེ་དག་ནི་དེ་སྔ་ལས་རྒྱ་ཆེ་བ་དང་ཤུགས་ཆེ་རུ་གཏོང་བཞིན་ཡོད་སྟབས་སེམས་འཚབ་སྐྱེ་གཞི་ཞིག་ཏུ་གྱུར་ཡོད་པ་གསུངས། 

གསུང་བཤད་གནང་མཁན་ཐོག་མ་དེ་སྔ་ཕྱི་ལོ་  ༡༩༨༩ ལོར་རྒྱ་ནག་རྒྱལ་ས་པེ་ཅིང་གནམ་བདེ་སྒོ་མོའི་ཐང་ཆེན་Tiananmen Square དུ་མང་གཙོའི་ལས་འགུལ་སྤེལ་མཁན་ཨིན་ཡུལ་དུ་གནས་བཞུགས་མཁས་དབང་སྐུ་ཞབས་ཤའོ་ཅེང་ Dr. Shao Jiang ལགས་ཡིན་པ་དང་། ཁོང་གིས་དེང་སྐབས་རྒྱ་ནག་གཞུང་གིས་ཆབ་སྲིད་དང་དཔལ་འབྱོར་གྱི་དབང་ཤུགས་བརྒྱུད་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ལ་བརྩི་མེད་རྡོག་རོལ་བཏང་བ་མ་ཟད། ངན་བྱས་ངོ་སོར་འཁྱེར་ནས་རྒྱལ་སྤྱིའི་སྡིངས་ཆ་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ལྟ་བུའི་ནང་སྤོབས་པ་ཆེན་པོས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་འཁྱོག་བཤད་དང་། རང་ཉིད་ལ་སྐྱོན་བརྗོད་བྱེད་མཁན་ཚོར་སྡིགས་ར་གཏོང་བཞིན་ཡོད་པ། ལྷག་པར་ཕྱི་ལོ་ ༢༠༡༣ ལོར་ཞི་ཅིན་པིང་སྲིད་འཛིན་ཆགས་རྗེས་རྒྱལ་ཚོགས་ནང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་སྐྱོན་བརྗོད་དང་བསམ་འཆར་སོགས་འདོན་སྐབས་སྔར་ལས་གདེང་སྤོབས་ཆེ་རུ་ཕྱིན་ནས་ལན་འདེབས་བྱེད་བཞིན་པའི་རྒྱ་ནག་གཞུང་གི་སྲིད་བྱུས་ལངས་ཕྱོགས་གསར་པ་དེ་ནི་ཧ་ཅང་བློ་ཕམ་དགོས་པའི་གནས་སྟངས་ཤིག་ཡིན་སྟབས། ད་ཆ་རྒྱལ་ཚོགས་ཀྱི་ཚོགས་མིའི་ཁོངས་སུ་ཡོད་པའི་རྒྱལ་ཁབ་ཁག་གིས་མཉམ་རུབ་ཐོག་ནས་རྒྱ་ནག་གཞུང་གིས་རྒྱ་ནག་ནང་དུ་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་བཏང་དང་གཏོང་བཞིན་པའི་འགན་ཁུར་ཡོངས་རྫོགས་རྒྱ་ནག་དམར་པོའི་སྲིད་གཞུང་གིས་འཁྱེར་དགོས་པ་ཞིག་བཟོ་ཐུབ་ཆེད་འབད་བརྩོན་གནང་དགོས་པའི་འབོད་སྐུལ་ཡང་གནང་འདུག  

ཕྱི་དྲིལ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་ཉམས་ཞིབ་པ་འཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་ཀྱིས་བོད་ནང་གི་བོད་མི་ཚོར་སྤྱི་ཚོགས་དང་ཁོར་ཡུག་གི་གནས་སྟངས་ཐོག་རྒྱ་ནག་གཞུང་གིས་བརྩི་མེད་རྡོག་རོལ་བཏང་སྟེ་འཛམ་གླིང་ཡང་ཐོག་ཏུ་གྲགས་པའི་བོད་ཀྱི་ཁོར་ཡུག་གནས་སྟངས་ལ་བསམ་གཞིག་རྩ་བ་ནས་མ་བྱས་པར། གོ་ལའི་སྣེ་མོ་གསུམ་པར་གྲགས་པའི་བོད་ཀྱི་གཙང་ཆུ་ཆེ་ཁག་ཐོག་ཆུ་མཛོད་གང་བྱུང་བརྒྱབ་དང་རྒྱག་བཞིན་པ་དང་། ས་གནས་བོད་མིའི་སྲོལ་རྒྱུན་ཆོས་དད་ལ་བསམ་ཤེས་ཏིལ་འབྲུ་ཙམ་མ་བྱས་པར་གནས་རི་རྣམས་གང་བྱུང་བྲུས་ནས་གཏེར་ཁ་ཚོད་མེད་སྔོགས་འདོན་བྱེད་བཞིན་པ། དེ་ལ་བརྟེན་ནས་ས་གནས་བོད་མིའི་མཐུང་ཆུ་འབགས་བཙོག་བཟོ་བཞིན་པ། སྤྱིར་མཐོ་སྒང་བོད་ཀྱི་ཁོར་ཡུག་ནི་ཨེ་ཤི་ཡའི་ཆུ་འགོ་ཆགས་པ་མ་ཟད།  ཨེ་ཤི་ཡའི་མངའ་ཁུལ་དུ་དབྱར་གྱི་ཆར་ཆུ་འདྲེན་མཁན་དང་། མཁའ་རླུང་གི་འགྱུར་འགྲོས་སོགས་ལ་བརྟེན་ནས་གོ་ལའི་གནམ་གཤིས་འགྱུར་ལྡོག་ལའང་ཕན་གནོད་གཉིས་ཀ་འདྲེན་བཞིན་པའི་གནས་སྟངས་གསལ་བཤད་གནང་བ་མ་ཟད། རྒྱ་ནག་གཞུང་གིས་སྲིད་བྱུས་འོག་བོད་མི་འབྲོག་པ་རྣམས་རྩྭ་ཐང་ནས་སྲོལ་རྒྱུན་འབྲོག་པའི་འཚོ་ཐབས་སྤངས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་གཏན་འཇགས་གྲོང་ཚོ་ཟེར་བར་བཙན་དབང་འོག་གནས་སྤོ་བྱེད་དུ་བཅུག་པ་དང་། འབྲོད་པ་དེ་དག་གཏན་འཇགས་གྲོང་ཚོར་གནས་སྤོས་ཟིན་རྗེས་འཚོ་ཐབས་ཀྱི་ལག་ཤེས་དང་། འཕྲོད་བསྟེན་གྱི་མཐུན་འགྱུར་སོགས་མེད་པར་བརྟེན་དཀའ་ངལ་ཧ་ཅང་ངང་ལྷུང་བཞིན་ཡོད་སྐོར་གསུང་པ་དང་སྦྲགས། དེ་སྔ་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་བཟའ་འབྲུའི་ཆེད་ལས་མི་སྣ་སྐུ་ཞབས་ཨོ་ལི་ཝར་ཌི་ཤུ་ཊར་ Oliver D Schutter ལགས་ཀྱིས་རྒྱ་ནག་གཞུང་ལ་བོད་དང་སོག་པོའི་འབྲོག་པ་རྣམས་རྩྭ་ཐང་ནས་བཙན་དབང་འོག་གཏན་འཇགས་གྲོང་ཚོར་གནས་སྤོ་བྱ་རྒྱུའི་ལས་གཞི་མཚམས་འཇོགས་དགོས་པའི་བསམ་ཚུལ་བཏོན་པ་རྣམས་ལུང་འདྲེན་གནང་འདུག 

དེ་བཞིན་བསྟན་པ་ལགས་ཀྱིས་བོད་ནང་དུ་ཕྱི་ལོ་ ༢༠༠༩ ནས་རང་ལུས་མེར་སྲེག་གི་གནད་དོན་སྤྱི་དང་། ལྷག་པར་རྒྱ་ནག་གཞུང་གིས་གུང་སྔོན་བླ་རིར་གཏེར་ཁ་སྔོག་འདོན་གྱི་ལས་གཞིར་ཞི་རྒོལ་རྔམ་སྟོན་ཆེད་ཕྱི་ལོ་  ༢༠༡༦ ལོར་ཨ་མཆོག་གྲོང་དུ་བོད་མི་ཞིག་གིས་རང་ལུས་མེར་སྲེག་བཏང་བ་བཅས་ཁྱོན་བོད་མི་གསུམ་གྱིས་གནས་རིར་གཏེར་དངོས་སྔོག་འདོན་གྱི་ལས་གཞིར་དམིགས་ནས་རྒྱ་ནག་གཞུང་ལ་ཞི་རྒོལ་རྔམ་སྟོན་ཆེད་རང་ལུས་མེར་སྲེག་བཏང་བའི་གནད་དོན་གསལ་འདོན་གནང་འདུག 

སྤྱིར་ཨ་མཆོག་གྲོང་དུ་བོད་མི་ཞི་རྒོལ་བ་ཚོར་རྒྱ་ནག་གཞུང་གིས་དྲག་གནོན་བྱས་པ་དེར་རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་འཐུས་མི་དང་འབྲེལ་ཡོད་དབང་ལྡན་ཚོགས་མིའི་རྒྱལ་ཁབ་ཚོས་ཕྱི་ལོ་ ༢༠༡༧ ཟླ་ ༢ ནང་སྐྱོན་བརྗོད་གནང་ཡོད། བགྲོ་གླེང་སྐབས་དེར་བོད་ནང་གི་ཆབ་སྲིད་དང་ཁོར་ཡུག་གི་གནས་སྟངས་ཛ་དྲག་ཡིན་པའི་གནད་དོན་ཐོག་དཀའ་ངལ་སེལ་ཐབས་སྐོར་དང་། ལྷག་པར་ཁོར་ཡུག་གི་གནས་སྟངས་ནི་བོད་ཙམ་མ་ཟད། ཨེ་ཤི་ཡ་མངའ་ཁུལ་སོགས་ལའང་ཕན་གནོད་ཀྱི་འབྲེལ་བ་ཡོད་སྟབས། བོད་མཐོ་སྒང་གི་ཁོར་ཡུག་ལ་འཕྲད་བཞིན་པའི་དཀའ་ངལ་སེལ་དགོས་པ་ནི་ཆེས་ཛ་དྲག་གི་གནད་དོན་ཞིག་ལ་རྩི་དགོས་སྐོར་གསུངས། 

དེ་རྗེས་དེ་སྔ་ཡུ་གུར་མཐོ་སློབ་ནང་མང་གཙོའི་ལས་འགུལ་སྣེ་ཁྲིད་མཁན་སློབ་ཕྲུག་འགོ་ཁྲིད་དང་། འཛམ་གླིང་ཡུ་གུར་མཐུན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་དོལ་ཀུན་ཨི་ས་ Dolkun Isa ལགས་ཀྱིས་ཡུ་གུར་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་བརྩི་མེད་རྡོག་རོལ་རྒྱ་ཆེ་གཏོང་བཞིན་པའི་གནས་སྟངས་དང་། ལྷག་པར་དེ་སྔ་ཕྱི་ལོ་ ༢༠༡༡ ནས་ ༢༠༡༦ བར་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་རྒྱ་ནག་དམར་ཤོག་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་ཁྲན་ཆེན་གོ་ Chen Quanguo ཡུ་གུར་སྤྱི་ཁྱབ་དྲུང་ཆེར་བསྐོ་གཞག་བྱས་རྗེས་ཡུ་གུར་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སོགས་དེ་སྔ་ལས་ཛ་དྲག་ཏུ་ཕྱིན་པ་དེ་ནི་གཙོ་བོ་ཁོ་པ་དེ་སྔ་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་བྱེད་སྐབས་བོད་མིའི་ཐོག་དམ་བསྒྲགས་བྱས་པའི་ཉམས་མྱོང་དེ་དག་གཞིར་འཛིན་ནས་བོད་ནང་དམ་བསྒྲགས་ཅན་གྱི་སྲིད་བྱུས་ལག་བསྟར་དོན་འཁྱོལ་ཡོང་རྒྱུར་ལོ་ལྔ་ཙམ་འགོར་བ་དེ་ཡུ་གུར་ནང་དེ་ལས་དུས་ཡུན་ཉུང་བའི་ནང་ལག་བསྟར་བྱེད་ཐུབ་པར་བརྟེན།  བོད་དེ་དམ་བསྒྲགས་ཅན་གྱི་སྲིད་བྱུས་ཚོད་ལྟ་བྱེད་ས་ལྟ་བུར་གྱུར་ཡོད་སྐོར་གསུངས།  

དེ་ནས་ལྷོ་སོག་ནང་རྒྱ་ནག་གཞུང་གིས་མི་སེར་སྤེལ་བའི་སྲིད་བྱུས་སྐོར་སྐུ་ཞབས་ཏེམ་སེལ་ཏུ་ཤོབ་ཆུ་ལགས་ཀྱིས་གསུང་དོན། རྒྱ་ནག་གཞུང་གིས་དེང་སྐབས་བོད་དང་ཡུ་གུར་ས་གནས་སུ་མི་སེར་སྤེལ་བའི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དེ་དག་དེ་སྔ་ལྷོ་སོག་ནང་ཚོད་ལྟ་བྱས་ཟིན་པ་རེད། ལྷོ་སོག་ནང་ལ་མཚོན་ན་རྒྱ་ནག་གཞུང་གིས་མི་རིགས་དབྱེ་འབྱེད་དང་། སོག་པོའི་རིག་གཞུང་། ཡུལ་གོམས་གཤིས་ལུགས་སོགས་རྩ་མེད་བཏང་ནས་དེང་སྐབས་སོག་ཡུལ་རྒྱ་ཡུལ་དུ་བསྒྱུར་ཟིན་པ་རེད། ཅེས་དང་། ད་ཆ་ཛ་དྲག་ཆེ་བའི་དུས་སྐབས་འདིར་ང་ཚོས་མཉམ་རུབ་ཐོག་ནས་རྒྱ་ནག་གཞུང་གི་དམ་བསྒྲགས་ཅན་གྱི་སྲིད་བྱུས་དེར་གདོང་ལེན་བྱེད་དགོས་པ་གནད་དོན་གལ་འགངས་གཙོ་བོ་ཆགས་ཡོད་སྐོར་སོགས་གསུངས།

དེ་བཞིན་ཧོང་ཀོང་ Hong Kong གི་ལས་འགུལ་བ་སྐུ་ཞབས་ཨེཌ་ཝཌ་ཅིན་ Edward Chin ལགས་ཀྱིས་ཧོང་ཀོང་ནང་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་ཐོབ་ཐང་ལ་བརྩི་མེད་གཏོང་བཞིན་པ་དེར་སྣང་མེད་དུ་གཞག་པ་ཡིན་ན་ཧོང་ཀོང་དེ་བཞིན་རིང་མིན་བོད་ལྟ་བུར་འགྱུར་ངེས་ཡིན་སྐོར་སོགས་གསུངས།  

ཕྱོགས་མཚུངས་བོད་དོན་འཐབ་རྩོད་པ་ལྷག་སྒྲོན་ཀྲེ་མཐོང་ལགས་ཀྱིས། “བོད་ནི་རྒྱ་ནག་གི་དམ་བསྒྲགས་སྲིད་བྱུས་ཚོད་ལྟ་ཁང་ཡིན་ཡང་།  བོད་མིར་མཚོན་ན་བོད་དེ་དམ་བསྒྲགས་ཀྱི་སྲིད་བྱུས་ལ་གདོང་ལེན་ཇི་ལྟར་བྱེད་དགོས་མིན་ཚོད་ལྟ་ཁང་ལྟ་བུ་ཡིན། ཞེས་གསུངས།  

ཚོགས་ཐུན་གསུམ་པའི་སྐབས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པར་རྒྱ་ནག་དང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་འབྲེལ་ལམ་བྱེད་སྐབས་འཕྲད་བཞིན་པའི་དཀའ་ངལ་སྐོར་གོ་བསྡུར་དང་གཏམ་བཤད་གནང་འདུག་པ་བཅས།། 

Share with your friends










Submit